མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་ལྟ་བ་གལ་ཆེན་ཞིག

        2018-06-08

མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་ལྟ་བ་གལ་ཆེན་ཞིག

བོན་གྱི་བཀའ་དང་བཀའ་བརྟེན་སྐོར།

  བོན་གྱི་གཞུང་ནི་དཔེ་རྒྱུན་རིགས་གཉིས་ལས་གྲུབ་པ་ཞིག་ཡིན། དེ་ཡང་གཅིག་ནི་གཏེར་ལས་བཞེས་པའི་དཔེ་ཆ་རྣམས་དང་ཅིག་ཤོས་ནི་སྙན་རྒྱུད་ཀྱི་དཔེ་ཆ་རྣམས་སོ། གཏེར་མ་ནི་བོན་གྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡིན་པ་དེའི་ནང་རྙིང་མ་བའི་རྩོམ་རིག་དང་ཆ་འདྲ་བའི་དཔེ་ཡང་ཡོད། འོན་ཀྱང་། བོན་ལུགས་དང་རྙིང་མ་བའི་གྲུབ་མཐའ་གཉིས་ཀས་གཏེར་མ་ཞེས་པ་རྩ་ཆེར་འཛིན་པ་དང་དེ་དག་ཁུངས་ལྡན་ཡིག་ཆར་ངོམས་པས་ན་ཆོས་ལུགས་གྲུབ་མཐའ་ཕན་ཚུན་དབར་རྩོད་གཞི་ལངས་ཡོད། དེ་ཡང་ས་པཎ་ཀུན་དགའ་རྒྱལ་མཚན(1182―1251)གྱིས་གཏེར་མ་ཞེས་པ་ཁུངས་བཙན་པའི་དཔེ་རྒྱུན་ཡིན་མིན་སྐོར་དོགས་དྲི་གནང་བ་དང་། ཕྱིས་སུ་འབྲི་གུང་དཔལ་འཛིན་གྱིས་གཏེར་མ་ཞེས་པ་ནི་རྙིང་མ་བས་རྫུན་བཟོ་བྱས་པ་ཞིག་གོ་ཞེས་ཐད་ཀར་གསུངས་ཡོད། མ་གཞི་སྔོན་གྱི་མཁས་པ་རྣམས་ཀྱིས་དགག་པ་དེ་ལྟར་བཀྱོན་ཡོད་ནའང་། རྙིང་མ་བས་རང་གིས་གྲུབ་མཐའི་གཞུང་ནང་གྲུབ་མཐའ་གཞན་ལ་མེད་པའི༼རྙིང་མ་རྒྱུད་འབུམ༽ཞེས་པ་དེ་བསྡུས་ཡོད་ལ། ཕ་རོལ་པར་སྤྲིངས་པའི་རང་ལྟ་མངོན་གྱེར་དང་། གཞན་ལྟ་བཀག་འགོག་བྱས་པའི་རྩོད་ཡིག་དང་དགག་ཡིག་ནི་རྙིང་མ་བའི་རྩོམ་རིག་ཁྲོད་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད། ད་ལྟའི་དུས་སུ་བོད་ཀྱི་དག་གཙང་དུ་འདོད་པའི་ཆོས་ལུགས་གྲུབ་མཐའ་ཁག་ཙམ་མ་ཟད། ཕྱིས་སུ་ཐོན་པའི་ནུབ་ཕྱོགས་པའི་ཆོས་ལུགས་ཞིབ་འཇུག་པ་ཚོས་ཀྱང་གཏེར་མ་ཞེས་པ་ནི་རྫུན་མ་ཡིན་པར་ཆ་འཇོག་གནང་གི་ཡོད།  ཕྱོགས་གཞན་ཞིག་ནས་བོན་པོ་རྣམས་ཀྱིས་གྲུབ་མཐའ་གཞན་གྱིས་གཏེར་མའི་སྐོར་བརྗོད་པའི་སྐྱོན་བརྗོད་ལ་སྔོན་ལྟར་དོ་སྣང་ཆེར་མི་བྱ། མདོར་ན། གཏེར་མ་ཕོན་ཆེ་ཞིག་དུས་རབས་བཅུ་པ་ནས་འགོ་བཙུགས་ཏེ་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད་པ་མ་ཟད། ཉེ་བའི་དུས་སུའང་འགའ་ཞིག་རྙེད་སོན་ཐུབ་ཡོད་པར་གྲགས་སོ།།
  བོན་གྱི་བསྟན་རྩིས་ལྟར་ན། གཏེར་མ་རྙེད་པའི་ཐོག་མའི་དུས་ནི་སྤྱི་ལོ913ཡིན། འོན་ཀྱང་གཏེར་མ་རྣམས་ཕྱོགས་སྒྲིགས་བྱས་པའི་དུས་ནི་གཤེན་ཆེན་ཀླུ་དགས་གཏེར་མ་འབོར་ཆེན་ཞིག་རྙེད་རྗེས(སྤྱི་ལོ1017)སུ་ཡིན། གཤེན་ཆེན་ཀླུ་དགས་རྙེད་པའི་གཏེར་མ་རྣམས་ལས་བོན་གྱི་གཞུང་ལུགས་ཀྱི་གཞི་དེ་གྲུབ་ཡོད་ལ། དུས་རབས་བཅུ་པར་སླེབས་སྐབས། ས་ཕྱོགས་དུ་མ་ནས་རྙེད་པའི་གཏེར་མ་ཇི་སྙེད་ཅིག་ཐོན་ཡོད། དེ་དག་ནི་ས་ཆ་གང་དུ་རྙེད་པའམ་ཡང་ན་གཏེར་སྟོན་སུས་རྙེད་པའི་སྐོར་གང་དེའི་མཚན་དང་སྦྱར་ནས་ངོ་སྤྲོད་ངོས་འཛིན་བྱ་བ་ཡིན་སྟེ། དཔེར་ན་དཔོན་གསས་ཁྱུང་རྒོད་རྩལ(1175ལོར་འཁྲུངས)ཀྱིས་རྙེད་པའི་གཏེར་ལ་དཔོན་གསས་མ་དང་། བསམ་ཡས་ཅ་ཏི་ནས་རྙེད་པར་ཅ་ཏི་མ་སོགས་དང་། ཁ་ཕྱོགས་གང་ཡིན་གྱི་ཐོག་ནས་མིང་བཏགས་ཡོད་ཚུལ་ནི། དཔེར་ན་དབུས་གཏེར་དང་། ལྷོ་གཏེར།བྱང་གཏེར་བཅས་ཁ་ཕྱོགས་ཙམ་སྟོན་པ་ལས་ཞིབ་ཕྲའི་ས་ཆ་གང་ནས་རྙེད་སྐོར་མི་བརྗོད་པ་ལྟ་བུའོ།།

  གཏེར་མ་ཞེས་པའི་དཔེ་ཆ་ཡོད་ཚད་རྫུན་མ་ཡིན་པའི་ངེས་པ་མེད། བོན་གྱི་གཏེར་སྟོན་མང་པོའི་ཚོགས་ལས་གཏེར་སྟོན་མི་ཉུང་བ་ཞིག་ནི་སྤྱིར་བཏང་གི་སྐྱེ་བོ་འབའ་ཞིག་ཡིན་ལ། བོན་གྱི་ལོ་རྒྱུས་མཁན་པོས་གཏེར་སྟོན་དེ་དག་ངོ་སྤྲོད་གནང་སྐབས་ཁོང་ཚོར་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་བསྟན་རྒྱུ་ཡོད་པའི་སྐོར་མི་གསུངས། ཤོད་སྲོལ་ལྟར་ན། དུས་རབས་བཅུ་པའི་སྐབས་སུ་ནེ་པ་ལེའི་གནས་སྐོར་བ་ཁ་ཤས་ཀྱིས་བསམ་ཡས་ནས་བོན་གྱི་དཔེ་ཆ་འགའ་ཞིག་རྐུས་པ་དང་། ཁོང་ཚོས་དཔེ་ཆ་དེ་དག་རང་ལ་ཕན་ཐོག་མེད་པར་ཤེས་རྗེས་དེ་དག་རང་ལ་དགོས་པའི་ཟས་རིགས་དང་བརྗེ་པོ་བརྒྱབ་པར་གྲགས། དུས་རབས་དེ་རང་གི་ཐོག་ཏུ་ཡང་རྔོན་པ་གསུམ་གྱིས་ས་དོང་དྲུས་སྐབས་བོན་གྱི་དཔེ་ཆ་རྙེད་པ་དང་། དུས་རབས་བཅུ་གཉིས་པའི་ནང་ལུག་རྫི་ཞིག་གིས་དཔེ་ཆས་གང་བའི་བྲག་ཕུག་ཅིག་རྙེད་སྐད། 

  དེ་བཞིན་གནས་སྐོར་བ་དང་ལྗོངས་རྒྱུ་བས་ལྷ་ཁང་ངམ། མཆོད་རྟེན། འཇིམ་སྐུ་སོགས་ཅི་རིགས་ནང་ནས་དཔེ་ཆ་རྙེད་སྐོར་གྱི་སྒྲུང་གཏམ་མང་པོ་ཡོད། གཏེར་སྟོན་རྣམས་ལས་ཁག་གཅིག་ནི་བོན་དང་རྙིང་མ་བའི་གྲུབ་མཐའ་གཉིས་ཀར་གཏོགས་པའི་གཏེར་སྟོན་ཡིན་ལ། བོན་གྱི་གཏེར་སྟོན་མི་ཉུང་བ་ཞིག་གིས་སངས་རྒྱས་ཆོས་ལུགས་ཀྱི་གཏེར་མ་རྙེད་རྗེས་དེ་དག་ཐེ་ཚོམ་དང་བྲལ་བའི་ངང་ནས་རྙིང་མ་བར་རྩིས་སྤྲོད་གནང་ཡོད། ཁོ་བོས་ལྟར་ན་གཏེར་མ་ཡོད་ཚད་ཁུངས་ལྡན་བསྙོན་མེད་ཅིག་མི་ཡིན་ནའང་། དེའི་ནང་དུ་ཁུངས་བཙན་པའི་དཔེ་ཆ་རྙིང་པ་ཅི་ཡང་མེད་དོ་ཞེས་བརྗོད་པ་ནི་བདེན་པའི་གཏམ་ཞིག་མ་ཡིན། དེ་ལས་ལྡོག་ཏེ། བན་བོན་གཉིས་ཀྱི་ཁོངས་སུ་གཏོགས་པའི་དུས་རབས་བརྒྱད་པའི་སྐབས་ཐོན་པའི་དཔེ་ཆ་ནི་ཤིན་ཏུ་ཉུང་ཉུང་ཡིན་ལ། གཏེར་མ་ཞེས་པ་ནི་དོན་དངོས་ཐོག་སྔོན་གྱི་དཔེ་ཆ་རྙིང་པ་ཞིག་རྙེད་པ་གང་ཞིག་གི་གཞི་སྟེང་དུ་སྐྱར་བྲིས་སམ་དེ་དག་རྒྱས་པར་སྤྲོས་པ་ལས་བྱུང་བ་ཞིག་ཡིན་སྙམ། དེའི་ཐད་བོན་གྱི་དཔེ་ཆ༼གཟེར་མིག༽ཅེས་པ་དེ་དཔེ་མཚོན་ཡག་པོ་ཞིག་ཡིན་སྟེ། གཏེར་སྟོན་དྲང་རྗེ་བཙུན་པ་གསེར་མིག་གིས་ཏུན་ཧོང་གི་ལོ་རྒྱུས་དཔེ་ཆའི་ནང་དོན་ཁག་གཅིག༼གཟེར་མིག༽ནང་དྲངས་གནང་ཡོད་པ་ལྟར་རོ།།

 


  • ལེ་ཚན་སྔོན་མ།:དྲིལ་བུ་དར་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • རྩོམ་གསར། 10