མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།

མགར་རྒྱལ་སྲས།        2018-06-07

མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།

  

དེ་རིང་མཐོ་རྒྱུགས་ལ་ཞུགས་བཞིན་པའི་གཅེས་པའི་སློབ་གྲོགས་རྣམ་པ། སློབ་ཆུང་གི་སྒོ་ཐེམ་བརྒལ་ཏེ་ཀ་ཁའི་སྦྱོར་ཀློག་གི་འགྱུར་ཁུག་ཀློང་ནས་དེ་རིང་གི་བར་དུ་བགྲང་བྱ་བཅུ་གཉིས་ཀྱི་ལོ་ཟླའི་བཞུར་རྒྱུན་རིང་མོར་དཀའ་ཁག་དང་འབད་བརྩོན་གྱི་གྲུབ་འབྲས་ཤིག་ངོམ་རན་པའི་དུས་ལ་བསླེབས་པ་མ་ཡིན་ནམ། འདི་ན་དྲིན་ཆེ་བའི་དགེ་རྒན་དང་བྱམས་བརྩེ་བའི་ཡབ་ཡུམ། སྙིང་ཉེ་བའི་གཉེན་ཉེ་དག་གིས་ལུས་ཤུགས་དང་སེམས་ཤུགས་གང་མང་ཞིག་གིས་ཁྱེད་ཅག་མདུན་ནས་བསུས་ཤིང་རྒྱབ་ནས་དེད་མྱོང་བ་བདེན་ཡང་། ད་ཐེངས་ནི་ཁྱོད་ཚོའི་རང་རང་གི་ནུས་སྟོབས་ཀྱིས་སློབ་ཆེན་གྱི་སྒོ་ཐེམ་དུ་འཇུག་དགོས་པས། ཁྱོད་ཚོས་ད་ཐེངས་ཀྱི་གྲ་སྒྲིག་ཅི་འདྲ་རེད་འདུག


མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།

མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།

མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།

   སྤྱིར་ན་རྒྱུགས་སྐར་གྱིས་མི་ཚེ་ལ་སྡོམ་ཚིག་བཀོད་ཅིང་ཡོད་ཚད་ཐག་གཅོད་བྱེད་ག་ལ་རུང་། ཡིན་ནའང་རྒྱུགས་སྐར་འདིས་ཁྱེད་ཀྱི་མི་ཚེའི་ཁ་ཕྱོགས་ལ་ཕྱོགས་སྟོན་བྱེད་བཞིན་ཡོད་པས་དེ་རིང་ནི་ཕ་བཟང་གི་བུ་ཚོ། མ་བཟང་གི་བུ་མོ་ཚོ་ཅིས་ཀྱང་གཟབ་དགོས། ཁྱེད་ཀྱི་བློ་རིག་པའི་བང་མཛོད་ནས་ཤེས་བྱ་ཡོན་ཏན་གྱི་ནོར་བུ་ག་འདྲ་ཞིག་ཡོད་མེད་དེ་རིང་གསལ་ཡོང་ལ། རི་གྲོང་གི་དགོན་སྡེ་དང་ཡུལ་སྡེ་བའི་ཆོས་ཚོགས་ཀྱི་ཀློང་ན་ཁྱེད་ལ་སྐུ་རིམ་རྣམ་གསུམ་གྱིས་སྐྱབས་འཇུག་གནང་གིན་ཡོད་ལ། སྐུ་དྲིན་ཅན་གྱི་དགེ་རྒན་དང་ཕ་མས་ཁྱེད་ལ་མཐོ་རྒྱུགས་ལམ་ལྷོང་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ཤེས་རབ་ཅན་གྱི་བུ་དང་བུ་མོ་ཚོ། དངངས་སྐྲག་དང་ཐེ་ཚོམ་མེད་པར་མཐོ་རྒྱུགས་ཀྱི་གཡུལ་དུ་ཞུགས་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་རྟགས་མ་འཁྱེར་ཤོག གཟེངས་སུ་ཐོན་པའི་རྒྱུགས་སྐར་གྱིས་ཕུགས་བསམ་གྱི་སློབ་ཆེན་དུ་བདེ་བས་འཇུག་ཅིག  རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཚོ། ཤུགས་ཕྱུངས།

མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།

  • ལེ་ཚན་སྔོན་མ།:ཚོད་ཚོད་ལ་ང་རང་རྒས་སོང་།
  • ལེ་ཚན་རྗེས་མ།: ཨ་མྱེས་སེམས་ཀྱི་རྫི་བོ།