མི་ཉག་གི་དེབ་ཐེར་ལྗང་གུ །༼༥༽

རིག་འཛིན་བསྟན་སྲུང་གིས་བརྩམས།        2018-06-06

སྨད་གནས་རྫོང་གི་བོད་ཀྱི་སྲིད་འཛིན་ས་མིང་།

ཧོབ་ངར་བོད་རིགས་ཡུལ་ཤོག་ནི །  (和爱藏族乡)ཡུལ་ཤོག་དེ་ལིའང་ཧྲན་ཁུལ་སྨད་གནས་རྫོང་ནུབ་བྱང་རྒྱུད་ཀྱི་ཉག་ཆུ་ཁུག་ཟུར་དུ་ཆགས་ཡོད། ཡུལ་ཤོག་ཡོངས་ཀྱི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ༩༦དང་མི་གྲངས་ཁྱོན༣༡༡༥ཡོད།

༡༩༨༨ལོའི་ཟླ༡༡པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧོབ་ངར་བོད་རིགས་ཡུལ་ཤོག་འཛུགས་པའི་ཆོག་མཆན་ཐོབ།  སྨད་གནས་རྫོང་ལ་མི་རིགས་ཡུལ་ཤོག་གཅིག་ཁོ་ན་ཡིན། ཡུལ་ཤོག་འདི་ནི་རི་མཐོ་ལ་གཡང་རོང་ཡིན་ལ་ས་བབ་ཤར་ལྷོ་མཐོ་ལ་ནུབ་བྱང་དམའ་བའི་ས་ཆ་ཞིག་རེད།  ས་བབ་ལ་བྱང་རྒྱུད་མཐོ་ལ་ལྷོ་རྒྱུད་དམའ་ཞིང་།   ས་ཆ་ཆེས་མཐོ་སར་མཚོ་ངོས་ནས་རྩིས་པའི་མཚོ་འཕགས་སྨིས༢༣༦༤དང་ཆེས་དམའ་སར་སྨིས༡༢༥༠ཡོད།  ས་གནས་སྤྱི་ཁོག་ལ་ལངས་གཟུགས་གནམ་གཤིས་ལྟ་བུ་མངོན་ཡོད། ཁོངས་སུ་ལྷ་སྐུའི་ས་ཆ་སོགས་རི་ཆུ་བཞི་འབབ་བཞིན་ཡོད་པ་དེ་དག་གཅུར་འཕང་ས་ལས་འབྱུང་བཞིན་ཉག་ཆུར་འབབ་པར་བཤད་དོ། །

ལོ་ཀོའུ་ཏོས་གྲོང་ཡུལ་ཤོག་གི་སྡེ་མིང་། ཀ་རོ་རྒྱ་རོ་ཧྥོའུ(སྡེ་པ།)དང་ཝ་ཐ་འ་ཧྥོའུ(སྡེ་པ།)ཉས་ཐ་མ་ཁྲོས་ཡ་མ་ཧྥོའུ(སྡེ་པ།)ཝ་རྡོ་ཧྥོའུ(སྡེ་པ།)ལ་ཁོ་ཏོས་ཧྥོའུ(སྡེ་པ།)ལ་བོད་ཀྱི་དུད་གྲངས༡༨༥དང་མི་གྲངས༦༥༨བཅས་ཡོད་ཅིང་། རྫོང་འདིའི་མངའ་ཞབས་ན་བོད་རིགས་བདུན་སྟོང་སུམ་བརྒྱ་ལྷག་ཙམ་ཡོད་པ་ཡིན་ནོ།  །

ཚྭ་ཐོག་རྫོང་གི་བོད་རིགས་ཁྱབ་སྟངས་ཀྱི་གནས་ཚུལ།

༢༠༡༢ལོའི་ཚུན་ཆད་དུ་ཚྭ་ཐོག་རྫོང(盐源县)ལ་བསྡོམས་པའི་མི་གྲངས༣༨༥༥༡༡ཡོད།  དེའི་ནང་བོད་རིགས་མི་གྲངས༧༣༩༡ཡོད།   རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ༣༤ནང་དུ་ཁྱབ་ཡོད།  བོད་རིགས་མི་གྲངས་སྟོང་ཡན་ཆད་འདུས་པའི་ཤང་ནི་འཁྲུངས་དཔེ་ཡུལ་ཤོག་ཡིན་དེར་མི་གྲངས༡༠༦༥ཡོད། མི་ཉག་ཡུལ་ཤོགལ་མི་གྲངས༡༠༤༣ཡོད། བོད་རིགས་མི་གྲངས་བརྒྱ་ཡན་ཆད་འདུས་པའི་ཡུལ་ཤོག་སོ་སོ་ནི་དཀར་གཙོ་ཡུལ་ཤོག་ལ་མི་གྲངས༩༤༢ཡོད། རྟ་ཤོར་ཡུལ་ཤོག་ལ་མི་གྲངས༧༧༣ཡོད། གཡུ་ཆེན་ཡུལ་ཤོག་ལ་མི་གྲངས༧༢༨ཡོད། གླིང་དགུ་མཚོ་ གྲོང་རྡལ་ལ་མི་གྲངས༦༤༣ཡོད།  དཔེ་དབུས་གྲོང་རྡལ་ལ་མི་གྲངས༤༣༢ཡོད།  སྲམ་ཤོར་ཡུལ་ཤོག་ལ་མི་གྲངས༤༡༠ཡོད། སྨད་ཡག་ཡུལ་ཤོགལ་མི་གྲངས༢༨༡ཡོད།  རྟ་ཕོ་སོག་རིགས་ཡུལ་ཤོག་ལ་མི་གྲངས༢༡༣ཡོད།  སྐམ་ཧུ་ཡུལ་ཤོགལ་མི་གྲངས༡༥༠ཡོད། རྟ་འཚོ་ཡུལ་ཤོག་ལ་མི་གྲངས༡༤༥ཡོད། བུ་ཁྲིད་གྲོང་རྡལ་ལ་མི་གྲངས༡༠༩ཡོད། ཤོག་བུར་ཡུལ་ཤོག་ལ་མི་གྲངས༡༠༧ཡོད།  ཡུལ་ཤོག་དང་གྲོང་རྡལ་གཞན་པ་རྣམས་ལའང་བོད་རིགས་ཀྱི་མི་གྲངས་བརྒྱ་ཆ་བརྒྱ་མན་ཆད་འདུས་ཡོད།  གྲངས་ཀ་འདིའི་ནང་ཞིང་པ་དང་ཞིང་པ་མ་ཡིན་པའི་བོད་རིགས་ཚང་མའང་འདུས་ཡོད་པ་ཡིན་ནོ།   །

ཚྭ་ཐོག་རྫོང(盐源县)གི་སྲིད་འཛིན་ས་མིང་།

གླིང་དགུ་གྲོང་རྡལ་གྱི་སྲིད་འཛིན་སྡེ་པའི་མིང་། 

མོའུ་ཥ་གྲོང་སྡེ་པ་ལ་དུད་གྲངས༥༡༤དང་མི་གྲངས༢༦༩༧ཡོད། དེང་སང་སྡེ་འདི་ནི་འཇང་གི་ནག་གཤིན་བོད་རིགས་ཀྱི་གྲས་སུ་བཞག་ཡོད།

ཏོ་ཧྲེ་གྲོང་སྡེ་པ་ལ་དུད་གྲངས༤༡༩དང་མི་གྲངས༢༢༤༥ཡོད།

ཕེ་ཧྥོས་གྲོང་སྡེ་པ་ལ་དུད་གྲངས༢༧༠དང་མི་གྲངས༡༠༧༨ཡོད།

རྗེས་མ་གྲོང་སྡེ་པ། ལ་དུད་གྲངས༡༩༦དང་མི་གྲངས༨༩༧ཡོད།

བྷུར་ཧྲི་གྲོང་སྡེ་པ་ལ་དུད་གྲངས༡༧༨དང་མི་གྲངས༡༡༢༩ཡོད།

ལག་འོག་གྲོང་སྡེ་པ་ལ་དུད་གྲངས༣༠༡དང་མི་གྲངས༡༤༢༠ཡོད།

སྒྲོ་ཕུད་གྲོང་སྡེ་པ་ལ་དུད་གྲངས༣༢༥དང་མི་གྲངས༡༣༧༠ཡོད།

གསན་ཥ་གྲོང་སྡེ་པ་ལ་དུད་གྲངས༣༠༠དང་མི་གྲངས༣༨༠ཡོད།

གཞན་ཡང་གྲོང་རྡལ་འདིའི་སྡེ་འབངས་རྣམས་ཕལ་ཆེར་དེང་སང་ཀྲུང་གོ་རྒྱལ་ཁབ་ཀྱིས་དབྱེ་བ་ཕྱེས་ཏེ་མོང་སོ་རིགས་རེད་ཅེས་མི་རིགས་ཤིག་ལ་བགོས་ཡོད། ས་ཆ་འདིར་གླིང་དགུ་མཚོ་ཞེས་པ་ཤིན་ཏུ་སྐད་གྲགས་ཅན་དེ་འཁྱིལ་ནས་ལུང་པ་གང་ཡོད། མཚོ་དེའི་མིང་ལ་ས་ཆ་དེའི་མི་ཚོས་ཧུ་དང་ལོའུ་ཧྲོས་བཅས་ཟེར་སྲོལ་ཡོད། རྒྱས་བོད་སྐད་ཀྱི་སྒྲ་ལ་རྟེན་ནས་ལོའུ་གུ་ཧྥོའི་ཞེས་འབོད་སྲོལ་ཆགས་ཡོད། ས་ཆ་འདིའི་མི་ཚོའི་མིའི་མིང་ལ་བོད་མིང་ཤིན་ཏུ་མང་། དཔེར་ན། ལྷ་མཚོ་དང་སྒྲོན་མ། རྡོ་རྗེ། བཀྲ་ཤིས་སོགས་ཀྱིས་མིང་གིས་མཚོན་ཐུབ་པ་ཡིན། རི་བོ་སེང་གེ་དཀར་མོ་ཞེས་པ་དེར་ཡོད། མཚོའི་ཁ་ན་མ་ཎི་རྡོ་འབུམ་མཆོད་རྟེན་གྱི་དབྱིབས་ལྟ་བུ་མང་པོ་བཞེངས་ཡོད། ས་དེའི་མི་རྒན་ཚོས་མ་ཎི་འབུམ་ལ་སྐོར་བ་རྒྱག་གྱིན་ཡོད། དགོན་པ་ནི་བོན་པོ་དགོན་པ་གཙོ་བྱས་པའི་གཞན་དགོན་པ་འགའ་ཤས་ཞིག་ཡོད། གནའ་སྔ་མོ་མུ་ལི་རྒྱལ་པོའི་མངའ་ཞབས་ཀྱི་ཚོ་སྡེ་ཤ་སྟག་ཡིན་ཞེས་རྒན་པ་ཚོས་བཤད་བྱུང་། གོང་གི་ས་མིང་རྣམས་ནི་ས་ཆ་དེའི་ཡུལ་སྐད་ཀྱི་སྒྲ་ལྟར་བྲིས་པ་ཡིན་པས་བོད་ཡིག་མཁས་པ་ཚོས་སྒྲ་ཙམ་འདོན་རྒྱུ་མ་གཏོགས་དོན་ལ་གོ་བ་ཆེན་པོ་ཞིག་ལེན་རྒྱུ་མེད་པས་ཚང་མས་དེ་ལུགས་མཁྱེན་རྒྱུ་གལ་ཆེའོ། །རྫོང་དེའི་ས་ཆའི་ཐོག་ཏུ་ཁྱོན་བསྡོམས་བོད་རིགས་ཀྱི་མི་གྲངས་བརྒྱ་ཆ་དགུ་བཅུ་ཟིན་ཡོད་པ་ཡིན་ནོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་ས་ཆ་དེའི་སྡེ་དཔོན་ཞིག་གིས་མཁོ་འདོན་བྱས་པ་ཡིན་ནོ།  །

མུ་ལི་རྫོང་གི་གནས་ཚུལ་རགས་བསྡུས།

མུ་ལི་བོད་རིགས་རང་སྐྱོང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་མཐའ་འཁོར་དང་།  ལིའང་ཧྲན་ཁུལ་གྱི་ནུབ་བྱང་།   མཚོ་བོད་མཐོ་སྒང་དང་ཡུན་ཀོན་མཐོ་སྒང་གཉིས་ཀྱི་བར་མདོ་རུ་གནས་ཡོད་ཅིང་།   འཕྲེད་རྒྱུག་རི་རྒྱུད་ཀྱི་ཁམས་མི་ཉག་གི་ས་ཁོངས་སུ་ཆེས་དཔེ་མཚོན་འོས་པའི་ས་ཆ་ཞིག་ཡིན།  ཤར་ནས་དཀར་མཛེས་ཁུལ་བརྒྱད་ཟུར་རྫོང་གི་ཉག་ཆུ་གཡས་གཡོན་དང་།  ལྷོ་ནི་དབྱར་ཡོང་རྫོང་དང་ཡུན་ནན་ཞིང་ཆེན་གྱི་ནགས་ལུང་རྫོང་ལ་ཐུག་ཡོད།  ནུབ་ནི་ཡུན་ནན་ཞིང་ཆེན་སེམས་གྱི་ཉི་ཟླ་རྫོང་དང་དཀར་མཛེས་ཁུལ་གྱི་འདབ་པ་རྫོང་དང་།  བྱང་ནི་དཀར་མཛེས་ཁུལ་ལི་ཐང་རྫོང་དང་ཉག་ཆུ་རྫོང་།  དར་མདོ་རྫོང་བཅས་ལ་འབྲེལ་ཡོད།  གནའ་ནས་ད་ལྟའི་བར་དུ་ཁམས་མི་ཉག་གི་ས་ཆའི་ཁོངས་སུ་གཏོགས་པ་ཡིན་ཞིང་།  ས་གཤིས་དང་ས་ངོས་ཧ་ཅང་རྙོག་དྲ་ཆེན་པོ་ཡིན་ཏེ།  ས་བབ་ནི་ལུང་ཤུར་དང་གྲོག་རོང་འཕྲེད་གཞུང་སྣོལ་མར་དུ་གནས་ཡོད་ལ་མཐོ་སྒང་གི་ས་ཁུལ་དངོས་ཡིན།  ཆེས་མཐོ་སའི་ས་ཆ་མཚོ་འཕགས་སྨི༥༩༥༨ཡོད།  ཆེས་དམའ་སའི་ས་ཆ་མཚོ་འཕགས་སྨི་༡༤༧༠ ཡོད།  ས་མཐོ་དམན་གཉིས་ཀྱི་ཧེ་བག་ནི་སྨི་༤༣༢༨ཡོད།  ཆ་སྙོམས་མཚོ་འཕགས་སྨི་༣༡༠༠ཡིན།   རྫོང་ཡོད་ས་རུ་མཚོ་འཕགས་སྨི་༢༣༠༠ཡོད།   ཁུལ་གནས་ས་ཤིས་ཁྲང་ནས་ལམ་ཐག་རིང་ཐུང་སྤྱི་ལེ་༢༥༤ཡོད།  ལོ་གཅིག་གི་གནམ་གཤིས་དྲོ་ཚད༡༡.༥℃ཡིན་ཞིང་། དྲོ་ཚད་ཆེས་མཐོ་སྐབས་༣༤..༡℃དང་།  ཆེས་གྲང་ངར་ཆེ་དུས་-༡༠..༦℃ཡིན།   ལོ་གཅིག་ལ་ཆར་ཆུ་བབས་ཚད་ཆ་སྙོམས་ཧོའོ་སྨི་༨༡༨.༢ཡིན་ལ།   ལོ་གཅིག་ལ་སད་མི་རྒྱག་པའི་དུས་ཚོད་ནི་ཆ་སྙོམས་ཉི་མ་༢༡༩.༧ཡིན།  དུས་བཞི་ལ་འགྱུར་ལྡོག་ཆེན་པོ་མེད།  དབྱར་ཁ་ཚ་དྲོད་མི་ཆེ་ཞིང་དགུན་དུས་གྲང་ངར་ཡང་དེ་ཙམ་མེད།  གནམ་གཤིས་བཟང་ལ་མི་འཚོ་སྡོད་བྱེད་སར་ཤིན་ཏུ་འཚམ་པོ་ཡོད།

མུ་ལི་བོད་རིགས་རང་སྐྱོང་རྫོང་ནི་བོད་རིགས་གཙོ་བྱས་པའི་བོད་རིགས་ཀྱི་རང་སྐྱོང་ རྫོང་ཞིག་ཡིན་ཞིང་།   དེའི་ནང་དུ་དབྱིས་རིགས་དང་རྒྱ་རིགས། སོག་རིགས།  མིའོ་རིགས།  མི་ཉག་གི་འཇང་བཅས་མི་རིགས་བཅོ་བརྒྱད་ལས་གྲུབ་པའི་རང་སྐྱོང་རྫོང་ཞིག་ཡིན། རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་རྫོང་གཉིས་ཀྱི་ཡ་གྱལ་གྱིརྫོང་ཞིག་ཡིན་ཞིང་སི་ཁྲོན་ཞིང་ཆེན་ཀྱི་བོད་རིགས་རང་སྐྱོང་རྫོང་གཅིག་པུ་དེ་ཡིན།  ཆགས་ཡུལ་དང་ལོ་རྒྱུས།  ཆོས་ལུགས་སོགས་ཀྱི་རྐྱེན་གྱིས་གནའ་ནས་ད་བར་དུ་བོད་ལྗོངས་དང་བོད་ཁུལ་ས་ཆ་གཞན་དག་ལ་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་པས།  ཁམས་པའི་ས་ཁུལ་ལམ་ཡང་ན་རྒྱལ་ཡོངས་བོད་ཁུལ་ས་ཆའི་གལ་ཆེ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། བོད་ཁུལ་དུ་ཤུགས་རྐྱེན་ཆེན་པོ་དང་ཁྱད་ཆོས་མངོན་གསལ་ལྡན་པའི་  བོད་རིགས་རང་སྐྱོང་རྫོང་ཞིག་ཡིན།   རྫོང་ཡོངས་ཀྱི་ས་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༡༣༢༥༢ཡོད།  རྫོང་ཡོངས་ལ་ཤང་ཀྲན་༢༩དང་རྒྱལ་གཉེར་འབྲོག་ར༩དང་།  སྲིད་འཛིན་གྱི་སྡེ་པ༡༡༣དང་གྲོང་སྡེ་ཚོ་ཆུང་༦༠༣བཅས་ཡོད། 

ཨ་མེ་རི་ཁ་ལ་ཁྱིམ་ཐོ་ཡོད་པའི་ཨོ་སི་ཁྲུ་ལི་ཡའི་ཚན་རིག་པ་ཡོག་པིའི་ཧྥུ·ཨེ་ཧྥའུ·ལོག་ཁའེ་སྐུ་ཉིད༡༩༢༤ལོ་དང༡༩༢༨ལོ།  ༡༩༢༩ལོ་བཅས་སྔོན་རྗེས་སུ་ཐེངས་གསུམ་ལ་ཡུན་ནན་ཞེང་ཆེན་ནགས་ལུང་རྫོང་ཡོང་ནིའི་ས་ཆ་ནས་མུ་ལི་རུ་ཕེབས།   ཁོང་གིས་ལྟ་སྐོར་ཕེབས་པའི་སྐབས་ཀྱི་ཟིན་ཐོ་ཏེ༡༩༢༥ལོའི་ཟླ་བ་༤པའི་ནང་དུ་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་༼ས་ཁམས༽དུས་དེབ་ཏུ་གསལ་བསྒྲགས་བྱས་ཡོད།   ལྗོངས་རྒྱུ་ཟིན་བྲིས་ཀྱི་ནང་དུ་ལོག་ཁེའི་ཡིས་མུ་ལི་ལ"ལྷ་ཡུལ་གྱི་དགའ་ཚལ"ཞེས་མཚན་སྙན་གནང་ཡོད་པ་ཡིན་ནོ། 

མུ་ལིའི་ཡི་ཐོན་རྫས་དང་རྒྱུ་ནོར་གྱི་སྐོར། 

ནགས་ཚལ་ཐོན་ཁོངས་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་ཡོད།  ད་ལྟ་ཡོད་པའི་ནགས་ལས་ས་ཁོངས་རྒྱ་ཁྱོན་སྤྱི་ཆིང་ཁྲི༩༣·༨ཡོདཅིང་།  ནགས་ཚལ་ཁྱབ་ཁོངས་ཚད༦༧.༣%ལ་ཟིན་ཡོད།    སྐྱེ་དངོས་ནགས་ཚལ་ཡོད་ཚད་ནི་སྨི་རང་སུམ་སྒྱུར་དུང་ཕྱུར༡.༡༧ཡོད།  གཞི་ཁྱོན་དེ་ནི་ཞིང་   ཆེན་ཡོངས་ཀྱི་བཅུ་ཆ་གཅིག་ཡིན་པ་མ་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ་གཅིག་ལ་ཟིན།  ས་ཁུལ་རྒྱ་ཁྱོན་དེ་རྫོང་ཞིག་ལ་ཆ་མཚོན་ན་རྒྱལ་ཡོངས་གཅིག་གི་ནང་ནས་དང་པོ་ཡིན།   ཆུའི་ནུས་ཐོན་ཁུངས་ནི་ཕྱུགས་ཞིང་རྒྱ་ཆེ་བ།  ཉག་ཆུ།  མུ་ལིའི་ཆུ།  ཧྲིའི་ལོག་ཆུ་གསུམ་དེ་བྱང་ནས་ལྷོ་རུ་བརྒྱུད་དེ་མུ་ལིའི་ས་ཁུལ་ཡོངས་ལ་ཁྱབ་ཅིང་།   རྫོང་ནང་ཁུལ་དུ་ཆུའི་གཤར་ཚད་སྨི་རང་སུམ་སྒྱུར་དུང་ཕྱུར༥༨.༡༣ཡིན།  རྒྱལ་ཁབ་ཀྱིས་ཉག་ཆུ་བཀོད་སྒྲིག་བྱས་ནས་གློག་འདོན་ས་ཚིགས་ནང་དུ།   ཅིན་ཕིང་ཆུ་གློག་ས་ཚིགས་ལ་སྟོང་ཝ་ཁྲི༣༦༠དང་།   ཡང་ཧྥང་ལུང་པའི་ཆུ་གློག་ས་ཚིགས་ལ་སྟོང་ཝ་ཁྲི༢༢༠ཡིན།   ཁག་ལག་ཆུ་གློག་ས་ཚིགས་ལ་སྟོང་ཝ་ཁྲི༡༠༦དང་།  མང་ཐུག་ལུང་པའི་ཆུ་གློག་ས་ཚིགས་ལ་སྟོང་ཝ་ཁྲི༡༨༤བཅས་ཡོད།  དེ་ཚང་མ་ནི་མུ་ལི་ས་ཁུལ་དུ་ཡོད།   ཉག་ཆུ་དང་འབྲི་ཆུ་ཕར་ཕུད་རྗེས་རྫོང་ནང་ཁུལ་ལ་གཞན་མིན་གཤར་ཆུའི་གཤར་ཚད་ཀྱང་ཧ་ཅང་ཕྱུག་པོ་ཡིན་ལ་དེ་ཚང་མར་སྟོང་ཝ་ཁྲི༤༦༠ཡོད།  དེའི་ནང་ནས་མུ་ལི་ཆུ།  ཧྲིའི་ལོག་ཆུ།  ཡག་ཙེའེ་ཆུ་གསུམ་པོ་ལ་གློག་འདོན་ཚད་སྟོང་ཝ་ཁྲི༣༠༠ཡན་ཆད་ཡོད་ལ་ཡུལ་སྐོར་སྤྲོ་གསེང་གི་ཐོན་ཁུངས་ནི་དེ་བས་ལེགས་པོ་ཡོད།  མུ་ལིའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས།  མི་རྣམས་ཀྱི་དཔལ་འབྱོར་བྱ་འགུལ་བཅས་ལ་ཕྱི་རོལ་རིག་གནས་ཀྱི་འགལ་རྐྱེན་དང་ཤུགས་རྐྱེན་ཆུང་བས། རང་བྱུང་སྐྱེ་དངོས་དང་སྤྱི་ཚོགས་ཡུལ་སྲོལ་གོམས་གཤིས་ལ་སྲུང་སྐྱོང་ལེགས་པོ་བྱས་ཡོད།  ས་ཁུལ་མི་རིགས་ཀྱི་རིག་གནས་ལ་ཁྱད་ཆོས་ཆེན་པོ་ལྡན་དེ།  རང་བྱུང་དང་མི་བཟོས་ཐོན་ཁུངས་ཕན་ཚུན་མཉམ་སྦྲེལ་བྱས་ནས་མཛེས་ཤིང་ལྟ་ན་སྡུག་ལ།  སྐྱེ་དངོས་སྣ་མང་གི་ཁྱད་ཆོས་འབུར་དུ་ཐོན་ཞིང་།  རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ཡུལ་སྐོར་ཅུས་ཀྱིས་རྩོམ་སྒྲིག་མཛད་པའི་ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་གྱི་སྤྱི་ཁྱབ་འཆར་བཀོད། ཞེས་པའི་ནང་དུ་མུ་ལི་དང་བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ།   ཡུན་ནན་བདེ་ཆེན་ཁུལ།  སི་ཁྲོན་དཀར་མཛེས་ཁུལ་བཅས་ནི་ལྟེ་བའི་ཡུལ་སྐོར་བྱེད་ས་ལ་གཏན་འཁེལ་བྱས་ཡོད།  མུ་ལི་ས་ཆ་ཡངས་ཤིང་རྒྱ་ཆེ་ཞིང་གཏེར་རྫས་ཐོན་ཁུངས་མང་པོ་ཡོད་ས་ཞིག་ཡིན།   གནའ་ནས་ད་ལྟའི་བར་"གསེར་གྱི་རྒྱལ་ཁབ་"ཅེས་སྙན་གྲགས་ཀྱིས་ཁྱབ་ཡོད།  མུ་ལི་བླ་མ(ཡུལ་དཔོན)ལ་གསེར་གྱི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ་མྱོང་།  མུ་ལི་ཡུལ་དཔོན་གྱིས་ལོ་ངོ་ ༣༠༠ལྷག་གི་རིང་ལ་དབང་བསྒྱུར་བྱས་མྱོང་ཞིང་།  བླ་མའི་རྒྱུད་འཛིན་ཡིན་པས་ཡུལ་དཔོན་ལའང་བླ་མ་ཆེན་པོ་ཞེས་བརྗོད་པ་རེད།  ཡུལ་དཔོན་ཡང་ན་བླ་མ་ཡིས་གཉེན་སྒྲིག་མ་བྱས་པས་དེའི་རྒྱུད་འཛིན་པ་ནི་བུ་སྤུན་ནམ་ཚ་བུའི་ནང་ནས་འདེམས་པ་རེད། བླ་མ་ཆེན་པོ།  སྤྲུལ་སྐུ།   ཕ་རྒན་པོ་ཞེས་འབོད་ཚུལ་ནི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་སྤྱིའི་སྐུ་ཚབ་ཡིན།  དེ་ཡིས་ཡུལ་ལྗོངས་ནང་ཁུལ་གྱི་ཆབ་སྲིད་དང་དམག་དོན།  དཔལ་འབྱོར་དང་རིག་གནས་བཅས་ཀྱི་དབང་ཆ་ཚང་མ་བཟུང་བ་དང་།  སྤྱི་ལོ་༡༦༤༨ལོར་འཇམ་དབྱངས་བཟང་པོ་སྐུ་ཕྲེང་དང་པོའི་བླ་མ་ཆེན་པོས་འགན་བཞེས་ཡོད།  ཞོར་དུ་སྐུ་ཕྲེང་གཉིས་པའི་སྐྱབས་མགོན་སྤྲུལ་སྐུའི་འགན་བཞེས་པ་ནས་བཟུང་།  ༡༩༥༠ལོའི་ཕུན་ཚོགས་གྲགས་པས་སྐུ་ཕྲེང་བཅུ་དགུ་པའི་བླ་མ་ཆེན་པོའི་འགན་བཞེས་པའི་བར་དུ་ཡིན།  ལོ་རྒྱུས་སུ་ལོ་༣༠༢སོང་བར་གྲགས།  སྐུ་ཕྲེང་བཅུ་དགུ་པའི་བླ་མ་ཆེན་པོ་ཕུན་ཚོགས་གྲགས་པ་ནི་དེང་སང་ཡང་ཞལ་བཞུགས་ཡོད་པ་ཡིན་ནོ། །

མུ་ལེ་རྫོང་གི་གྲོང་རྡལ་དང་ཤང་བཅས་ཀྱི་སྲིད་འཛིན་ས་མིང་།

༡ གྲོང་རྡལ་གྱི་མིང་རྣམས་ནི། ཚ་རོང་གྲོང་རྡལ་དང་། ཆབ་འགག་གྲོང་རྡལ་། ཐང་གུར་གྲོང་རྡལ་། ༢ ཤང་ངམ་ཡུལ་ཤོག་གི་གྲངས་ཀ་ནི།  དཔའ་ཁུལ་ཡུལ་ཤོག  ཞི་ལུང་ཡུལ་ཤོག  ཐང་ཡངས་ཡུལ་ཤོག  དཔལ་གཟི་ཡུལ་ཤོག  གླིང་རོལ་ཡུལ་ཤོག  ཧོར་སོག་ཡུལ་ཤོག   ལེགས་པ་ཡུལ་ཤོག  ཤེལ་འོད་ཡུལ་ཤོག  སྔགས་སྤྱོད་ཡུལ་ཤོག  སྟག་ལུང་ཡུལ་ཤོག  དཔའ་བོ་ཡུལ་ཤོག  མཁར་རྭ་ཡུལ་ཤོག མཁར་རི་ཡུལ་ཤོག  ཡག་གཙང་ཡུལ་ཤོག  གེ་བཙན་ཡུལ་ཤོག  དཔལ་ལྡན་ཡུལ་ཤོག  ཡར་རྒྱས་ཡུལ་ཤོག  ནོར་བུ་ཡུལ་ཤོག   སྐྱིད་ཆུ་ཡུལ་ཤོག  རིན་འབྱུང་ཡུལ་ཤོག  འོ་ཡག་ཡུལ་ཤོག

མདའ་སྨྱུག་ཤང་། ས་དཀར་ཤང་།  མུ་ཏིག་ཤང། འབྲས་ཤིང་ཐང་ཤང་།  འབྲིག་ཡག་ཐང་ཤང་། ༣ འབྲོག་རའི་མིང་ནི། ཁམས་བདེ་འབྲོག་རྭ།  ལམ་གསར་འབྲོག་རྭ།  བཙན་ཤིས་འབྲོག་ར།  དཔལ་རུ་འབྲོག་ར། དཔལ་གཟི་འབྲོག་ར་ལ།  ཡར་རྩེ་འབྲོག་ར་། ཆར་རུ་འབྲོག་ར།  མཁར་རྭ་འབྲོག་ར།  བཟང་པ་འབྲོག་ར་བཅས་ཡོད་པ་ཡིན་ཞིང་།  རྫོང་འདིའི་མངའ་ཞབས་ན་བོད་རིགས་སུམ་ཁྲི་དགུ་སྟོང་ལྷག་ཡོད་པ་ཡིན། །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫོང་དེའི་བོད་རིགས་ཞིབ་འཇུག་སའོ་ཡི་མགོ་ཁྲིད་དབང་དྲག་རྡོ་རྗེ་ལགས་ཀྱིས་མཁོ་འདོན་བྱས་པའོ།   །

གཡག་རྔ་ས་ཁུལ་གྱི་བོད་ཀྱི་སྲིད་འཛིན་ས་མིང་།

ཧར་ཉག་རྫོང་གི་སྲིད་འཛིན་ས་མིང་།

ཤར་ཕུད་བོད་རིགས་དབྱིས་རིགས་ཡུལ་ཤོག་ནི། ཡུལ་ཤོག་འདི་ནི་ཧར་ཉག་རྫོང(汉源县)མཁར་ལྷོ་ནུབ་སྤྱི་ལེ༢༦ས་རུ་ཆགསཡོད།   ཆིང་རྒྱལ་རབས་སྐབས་སུ་ལིང་ཐུའུ་སི་མངའ་འོག་གི་བརྒྱ་དཔོན་ཞིག་གི་རི་རྗོང་ཡིན།    ཡུལ་ཤོག་ཡོངས་ཀྱི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ༥༨དང་མི་གྲངས་ཁྱོན༧༢༣༦ཡོད།    ཡུལ་ཤོག་སྲིད་གཞུང་སྡོད་གནས་མཐུན་སྒྲིལ་གྲོང་སྡེ་པ་ལ་མཚོ་འཕགས་སྨི༨༤༠ཡོད།   ཤང་དེའི་ས་བབ་ནི་རི་བྲག་སོགས་གཙོ་བོ་ཡིན་ལ་རྒྱལ་མོ་རྔུལ་ཆུ་བབ་རྒྱུད་འགྲམ་དུ་ས་ཁོད་སྙོམས་ཤིང་ཆུ་རབ་ཤིན་ཏུ་རྒྱ་ཆེ་ས་ཞིག་ཡིན།  གྲམ་ས་ཅུང་དོག་པོ་དང་ས་ཁ་ཤར་ལྷོ་ནས་ནུབ་ཕྱོགས་སུ་འཁོར་ཡོད་དོ།    །

སྤྱི་ལོ༢༠༠༥ལོའི་ཟླ་བ༨པ་ནས༢༠༠༦ལོ་མཇུག་བར་དུ་ཆུ་གློག་འཛུགས་བསྐྲུན་གྱི་དགོས་མཁོའི་ཆེད་དུ།  ཆུ་གློག་འཛུགས་བསྐྲུན་ཕྱོགས་སུ་མི༤༠༠༠ལྷག་ཙམ་ས་གནས་དེ་ནས་གཞན་གྱི་ས་ཆའི་ཐོག་ཏུ་གནས་སྤོར་བྱེད་བཅུག་པ་རེད། གནས་སྤོར་བྱེད་ས་གཙོ་བོ་ནི་མིའུ་ཧྲན་རྫོང་དང་།  ཆུང་ལའེ་གྲོང་ཁྱེར།  ལུའོ་ཅང་རྫོང་།  ཧྲེན་ཧྥང་གྲོང་ཁྱེར།  ཀྲི་ཐུང་རྫོང་། ཡིའུ་ཞན་ས་ཁུལ་སོགས་སུ༢༠༡༠ལོའི་ཟླ་བ༡༢པའི་ནང་དུ།  ཧར་ཉག་རྫོང་གི་སྲིད་གཞུང་གི་ས་ཁུལ་སྤྱི་ཁོག་སྙོམས་སྒྲིག་བྱས་པར་བརྟེན།  ཤར་ཕུད་བོད་རིགས་དང་དབྱིས་རིགས་ཡུལ་ཤོག་དེའི་སྔོན་ཆད་ཀྱི་གྲོང་སྡེ་ལྔ་པོ་དང་མཉམ་དུ་སྡོམས་པའི་དེང་གི་གྲོང་སྡེ་གསུམ་ནི།  གཏིང་འཇགས་སྤྱི་ཁུལ་ལམ་གྲོང་སྡེ་དང་།  བཅིང་གྲོལ་གྲོང་སྡེ། མཐུན་སྒྲིལ་གྲོང་སྡེ་བཅས་སྡེ་པ་གསུམ་ལ་གྲོང་སྡེའི་ཨུ་ཡོན་ལྷན་ཁང་ཞིག་དང་། ཁྱོན་གྲོང་སྡེ༡༤ལ་སྡེ་པའི་ཚོ་ཆུང་གཅིག་བཙུགས་ཡོད།  སྤྱི་ལོ༢༠༡༠ལོའི་ལོ་མཇུག་ཏུ་ཆུ་གློག་ས་ཚུགས་དང་། ཤར་ཕུད་བོད་རིགས་དང་དབྱིས་རིགས་ཡུལ་ཤོག་གི་གྲོང་སྡེ་ཆུང་བ་དེ་གྲོང་གསར་དུ་གནས་སྤོས། ཤར་ཕུད་ཡུལ་ཤོག་གྲོང་གསར་ནི་སྔོན་གྱི་གྲོང་ཁྱེར་ཆུང་བ་ནས་ཚུར་སྤོས་ཡོང་བ་ཡིན། ནང་ཁུལ་གྱི་མི་ལྷག་མ་མི་སེར་དང་གྲོང་སྡེ་དང་འབྲེལ་བའི་སྲིད་གཞུང་ལས་ཁུངས་གཏན་འཇགས་ཀྱིས་སྡེ་པ་དྲུག་པའི་གྲོང་སྡེ་རྣམས་གསར་དུ་བཙུགས།  དེ་ནི་རྫོང་ཡོངས་ཀྱི་དྲུག་ཆའི་གཅིག་ཟིན་པར་བཤད། ཡུལ་ཤོག་དེའི་ས་གཞིའི་རྒྱ་ཁྱོན་ལ་མུའུ༡༡༠ཡོད། ཤར་ཕུད་ཀྱི་ལྟེ་གནས་སློབ་ཆུང་དང་། ཤར་ཕུད་ཀྱི་འཕྲོད་བསྟེན་ཁང་གཅིག་བཅས་འཛུགས་བསྐྲུན་བྱས། ད་སྐབས་མཆོད་རྟེན་དཀར་པོ་ཁ་ཤས་ཀྱང་བཞེངས་འདུག   ཤར་ཕུད་ཀྱི་ཡུལ་ཤོག་གི་གྲོང་སྡེ་སོ་སོའི་གནས་ཚུལ་མདོར་བསྡུས་ཤིག་བཤད་ན།  གཏིང་འཇགས་གྲོང་སྡེ་ལ་དུད་གྲངས༣༧༨དང་མི་གྲངས༡༡༥༧ཡོད།  མཐུན་སྒྲིལ་གྲོང་སྡེ་ལ་དུད་གྲངས༡༧༢དང་མི་གྲངས་༦༢༢ཡོད།    བཅིང་གྲོལ་གྲོང་སྡེ་ལ་དུད་གྲངས༡༨༤དང་མི་གྲངས༦༥༦ཡོད་ཅིང་། ཁྱོན་བསྡོམས་ཡུལ་ཤོག་གཅིག་ལ་དེང་སང་དུད་ཚང༧༣༤དང་མི་གྲངས༢༤༣༥བཅས་ཡོད་པར་བཤད་དོ། ། འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫོང་དེའི་ཨན་ཏེ་ཆའ་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།   །

སྲིབ་སྨད་རྫོང་གི་སྲིད་འཛིན་ས་མིང་།

ཤར་ལུང་བོད་རིགས་ཡུལ་ཤོག་ནི། གཡག་རྔ་གྲོང་ཁྱེར(蟹螺藏族乡)ཀྱི་སྲིབ་སྨད་རྫོང་གི་ནུབ་རྒྱུད་དུ་ཆགས་ཡོད། རྒྱ་ཁྱོན་སྨིས་གྲུ་བཞི་མ༡༩༧ཡོད་ལ་སྤྱིའི་མི་གྲངས་ཁྱོན༣༥༤༨ཡོད། ཤང་ཡོངས་ཀྱི་རི་མཐོ་འབྲིང་གི་ས་བབ་ལ་ཆགས་ཏེ་མཚོ་འཕགས་སྨི༡༠༤༨ནས༤༨༤༠བར་ཟིན་ཡོད། ༡༩༨༢ལོའི་ཟླ༡པོའི་ཚེས༣༠ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་ཤར་ལུང་བོད་རིགས་མི་དམངས་ཀུང་ཧྲེན་ཞེས་མིང་བཏགས་ཤིང་། ༡༩༨༤ལོའི་ཟླ༣པར་ཤང་གི་སྒྲིག་གཞི་བསྐྱར་གསོ་བྱེད་སྐབས་ཤར་ལུང་ཤང་ཞེས་མིང་བསྒྱུར་བ་རེད།  ཤང་དེའི་ཁོངས་སུ་གཏེར་རིགས་དང་ནགས་ཚལ།    རི་སྐྱེས་སྨན་རྫས།  ཆུ་ཤུགས་ཐོན་ཁུངས་གྱ་ནོམ་པ་ཡོད་པས་ལུགས་དང་མཐུན་པས་གསར་སྤེལ་བེད་སྤྱད་བཏང་ན་རྒྱལ་ཕན་དམངས་འབྱོར་ཡར་རྒྱས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད །

མཚོ་ཁུག་བོད་རིགས་ཡུལ་ཤོག་ནི།(草科藏族乡)གཡག་རྔ་གྲོང་ཁྱེར་གྱི་སྲིབ་སྨད་རྫོང་གི་བྱང་ཕྱོགས་སུ་ཆགས་ཡོད། ཤང་སྲིད་གཞུང་གི་སྡོད་གནས་དང་སྲིབ་སྨད་རྫོང་མཁར་བར་དུ་སྤྱི་ལེ༦༣གྱིས་ཆོད་ཡོད་ཅིང་།    རྒྱལ་མོ་རྔུལ་ཆུའི་ནུབ་ངོས་དང་། འབོ་གངས་དཀར་གྱི་ལྷོ་འདབས་ཡུལ་ལྗོངས་ཀྱི་ས་ཁུལ་དུ་ཆགས་ཡོད།  ཤང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ༣༦༠ཡོ ད་ལ།  མི་གྲངས་ཀྱི་ཁྱོན༢༧༡༧ཡོད།  འདིར་གནམ་གཤིས་དྲོ་ལ་རློན་གཤེར་ཆེ་བ་དང་།དགུན་ཁར་གྲང་ངར་ཆུང་ལ་དབྱར་དུས་སུ་ཚ་བ་ཡང་དེ་ཙམ་མི་ཆེ་ཞིང་།  ཐུན་མིན་གྱི་གནམ་གཤིས་དང་རང་བྱུང་ཆ་རྐྱེན་ནི་གཞན་དང་མི་འདྲ་བའི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཞིག་ཆགས་ཡོད་ཅིང་། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་གཏེར་རྫས་ཐོན་ཁུངས།ཡུལ་སྐོར་ཐོན་ཁུངས་བཅས་ཀྱང་ཡར་ལྡན་གྱི་ཚུལ་དུ་ཡོད།  གཞན་ཡང་བོད་དང་རྒྱ།དབྱིས་རིགས་བཅས་མི་རིགས་གསུམ་འཆམ་མཐུན་གྱི་སྲོལ་རྒྱུན་ཐུན་མོང་མ་ཡིན་པའི་གོམས་གཤིས་ཆགས་ཡོད་པ་མ་ཚད་རིག་གནས་ལོ་རྒྱུས་ཀྱང་ཚད་དང་ལྡན་པ་ཡིན་ནོ།  །ཤང་དེའི་སྡེ་མིང་གཤམ་གསལ། མཐུན་སྒྲིལ་སྡེ་པར་དུད་ཚང༥༣དང་མི་གྲངས༢༢༨ཡོད། གཡས་ངོས་སྡེ་པར་དུད་ཚང༡༢༥དང་མི་གྲངས༣༩༤ཡོད། མཚོ་ཁུག་སྡེ་པར་དུད་ཚང༧༥དང་མི་གྲངས༢༤༤ཡོད། ད་གཉིས་སྡེ་པར་དུད་ཚང༥༠དང་མི་གྲངས༡༢༧ཡོད། ཤིང་གཅེས་སྡེ་པར་དུད་ཚང༢༧དང་མི་གྲངས༤༠ཡོད། ཤང་འདི་ལ་ཁྱོན་བསྡོམས་དུད་གྲངས༤༢༡དང་མི་གྲངས༡༣༡༨བཅས་ཡོད་པ་ཡིན་ནོ། །

གདོང་ལེན་བོད་རིགས་ཡུལ་ཤོག་ནི།(先锋藏族乡)སྲིབ་སྨད་རྫོང་མཁར་གྱི་ནུབ་བྱང་ས་མཚམས་སུ་ཆགས་ཡོད།

མངའ་ཁོངས་རྒྱ་ཁྱོན་སྨིས་གྲུ་བཞི་མ༦༩.༨དང་མི་གྲངས་ཁྱོན༥༦༠༡ཡོད།   ཤང་སྲིད་གཞུང་སྡོད་གནས་ཆུ་ཆུང་ཐང་དུ་ཆགས་ཡོད།   རྫོང་མཁར་བར་དུ་སྤྱི་ལེ༡༣ཙམ་ཡོད།   ༡༩༨༥ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གདོང་ལེན་བོད་རིགས་ཤང་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་རེད།     ཤང་གི་མངའ་ཁོངས་སུ་ཆུ་བོ་མང་ལ་དེ་དག་ཐུར་དུ་འབབ་ཤུགས་ཆེ་བས་སྔོག་འདོན་དང་གསར་སྤེལ་བྱ་སའི་མདུན་ལམ་ཆེན་པོ་ཡོད།ས་དེར་གཏེར་རྡོ་རིགས་མང་པོའི་ཐོན་ཁུངས་ཀྱི་རིགས་དང་རྣམ་པ་མང་འཛོམས་ཀྱི་རི་སྐྱེས་སྲོག་ཆགས་སོགས་ཡོད་ཅིང་།རྩི་ཤིང་ཡང་སྣ་ཚོགས་རྒྱས་ཡོད།ད་དུང་ཧོར་ལུང་རི་བོ་དང་།ཟླ་བའི་ཆུ་ཁུག།མཆོད་རྟེན་ཆུ་རྐ་སོགས་རང་བྱུང་ཀྱི་མཛེས་ལྗོངས་ཡིད་དུ་འོང་བ་དུ་མ་ཡོད་པ་རེད ། །

རབ་སྐྱིད་བོད་རིགས་ཡུལ་ཤོག་ནི།(跷碛藏族乡)མི་ཕྱི་རྫོང་མཁར་གྱི་བྱང་རྒྱུད་རྫོང་མཁར་དང་བར་ཐག་སྤྱི་ལེ༣༥ཆོད་པའི་རི་བོ་ཇག་བཅོམ་ལྷོ་འདབས་སུ་གནས་ཤིང་།མངའ་ཁོངས་རྒྱ་ཁྱོན་སྨིས་གྲུ་བཞི་མ༨༨༩ཡོད་ཅིང་མི་གྲངས༥༢༡༦ཡོད།   ༡༩༨༤ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རབ་སྐྱིད་བོད་རིགས་ཤང་འཛུགས་པའི་ཆོག་མཆན་ཐོབ་ཡོད།  རབ་སྐྱིད་བོད་རིགས་ཡུལ་ཤོག་ནི་མུ་ཕྱི་རྫོང་གི་ཡུལ་སྐོར་ས་ཁུལ་གལ་ཆེན་གྱི་གྲས་ཤིག་ཡིན། ཀོ་ལྤགས་བྲག་རིའི་བྱང་རྒྱུད་ནས་ཆུ་ཕུགས་འདེད་བཞིན་སོང་ན་རི་བོ་ཇག་བཅོམ་ཁ་བའི་མཛེས་ལྗོངས་ལ་སླེབས།ལམ་བར་སྤང་རི་དང་ཆུ་བོ་རྣམ་མཛེས་ཤིང་ལྟ་ན་སྡུག་པ།རི་རྩེ་མཐོན་པོ་གནམ་ལ་ཟུག་འདྲ།ནང་དུ་སྤྲོ་གསེང་བྱེད་ཚེ་གང་སར་རྩྭ་རྩི་ཤིང་དང་།   མེ་ཏོག་བཅས་རྒྱས་ཡོད་པ་དང་བྱ་སྐད་ཀྱི་དབྱངས་སྒྲ་ལྷིང་ལྷིང་དུ་གྲགས་པའི་རི་ཆུའི་སིལ་སྒྲ་བཅས་ཐོས་འཛིན་དབང་པོའི་བཅུད་དུ་སྨིན།  ནང་ཁོངས་ཀྱི་རི་བོ་ཇག་བཅོམ་ནི་དམར་དམག་རྒྱང་བསྐྱོད་བྱེད་སྐབས་བརྒལ་བའི་གངས་རི་ཨང་དང་པོ་ཡིན་པའི་རྐྱེན་གྱིས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་དེབ་ཐེར་ནང་དུ་བཀོད།༡༩༩༤ལོར་ཞིང་ཆེན་རིམ་པའི་གྲགས་ཅན་ཡུལ་ལྗོངས་ས་ཁུལ་བཞག་ཡོད་ཅིང་། ༢༠༠༡ལོའི་ཟླ༨པར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་གི་གྲས་ལ་བཞག་ཅིང་རི་བོ་ཇག་བཅོམ་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོ་རྡོ་རིང་དེ༢༠༠༤ལོར་ཀྲུང་ཤོན་པུའུ་ཡིས་རྒྱལ་ཡོངས་གསར་བརྗེས་ཡུལ་སྐོར་སྤུས་ལེགས་ས་ཁུལ༡༠༠ཡ་གྱལ་གྱི་གྲས་སུ་བཞག་ཡོད་དོ།།

ཞོལ་སྨད་བོད་རིགས་དང་འབྱིས་རིགས་ཡུལ་ཤོག་ནི།(新民藏族彝族乡)སྲིབ་སྨད་རྫོང་མཁར་གྱི་ནུབ་བྱང་རྒྱལ་མོ་རྔུལ་ཆུ་འགྲམ་དུ་ཆགས་ཡོད་ཅིང་རྫོང་མཁར་བར་དུ་སྤྱི་ལེ༢༥ཙམ་གྱིས་ཆོད་ཡོད་ཅིང་།  ཤང་སྲིད་གཞུང་སྡོད་གནས་ཧག་གྲོང་སྡེར་སྔོན་མར་ཧུར་ཝག་ཅེས་པ་བོད་མི་ཉག་སྐད་ནས་སྒྱུར་བའི་སྒྲ་ཞིག་ཡིནཔར་བཤད།ཤང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྨིས་གྲུ་བཞི་མ༡༢༣ཡོད་ཅིང་།  མི་གྲངས་ཁྱོན༨༢༧༤ཡོད།  ༡༩༨༧ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞོལ་སྨད་བོད་རིགས་དང་འབྱིས་རིགས་ཤང་འཛུགས་པའི་ཆོག་མཆན་ཐོབ།  ས་ཆ་འདི་ནི་ཚ་དྲོད་ཆེ་སའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ལ་རི་སྐྱེས་སྲོག་ཆགས་དང་ སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།   གཏེར་རིགས་ཐོན་ཁུངས་ཀྱི་ཐད་ལ་ཞ་ཉེ་དང་རྡོ་ཀ་མ་རུ་པ་བཅས་ཡོད་པར་བཤད་དོ།    །

ཝ་སྐྱོག་འབྱིས་རིགས་དང་བོད་རིགས་ཡུལ་ཤོག་ནི།(挖角彝族藏族乡)སྲིབ་སྨད་རྫོང་བྱང་རྒྱུད་རྒྱལ་མོ་རྔུལ་ཆུའི་འབབ་སའི་འགྲམ་ཀྱི་བར་མཚམས་སུ་ཆགས་ཡོད།ཤང་སྲིད་གཞུང་སྡོད་གནས་དེ་རྫོང་མཁར་དང་སྤྱི་ལེ༣༧གྱི་ཆོད་ཡོད།༡༩༨༣ལོའི་ཟླ༤པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཝ་སྐྱོག་འབྱིས་རིགས་བོད་རིགས་ཤང་འཛུགས་རྒྱུའི་ཆོག་མཆན་ཐོབ།ཤང་ཡོངས་ཀྱི་སའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ༡༨༧.༡དང་མི་གྲངས་ཁྱོན༣༤༧༣ཡོད།ས་བབ་ནི་བྱང་རྒྱུད་མཐོ་ལ་ལྷོ་རྒྱུད་དམའ་བ་དང་།   ས་ཁ་རྒྱ་མཚོ་ངོས་ནས་རྩིས་པའི་མཐོ་ཚད་སྨིས༩༢༠ནས༣༣༠༠བར་ཡིན།   ཤང་འདི་ལ་ཐོན་རྫས་མང་པོ་ཡོད་པས་འདེབས་འཛུགས་ལས་རིགས་དང་སྔོ་ཚལ། ཤིང་ཏོག་དང་ཁྱིམ་བསྟེན་བྱ་རིགས་སོགས་གསོ་གཉེར་བྱ་སའི་ས་གནས་བཟང་པོ་ཞིག་ཡིན་ནོ།   །

ཝ་སྐྱོག་སྡེ་པ་ལ་དུད་ཚང༢༤༨དང་མི་གྲངས༧༣༧ཡོད།

ཆོས་བློ་སྡེ་པ་ལ་དུད་ཚང༥དང་མི་གྲངས༡༣ཡོད།

ཤུགས་ཆོད་སྡེ་པ་ལ་དུད་ཚང༣༥དང་མི་གྲངས༡༢༧ཡོད།

ཤིང་གཅེས་ཀ་སྡེ་པ་ལ་དུད་ཚང༡༠དང་མི་གྲངས༡༥བཅས་ཡོད་པ་ཡིན་ནོ། །

གཤིས་སྨད་དམ་ཧེ་ཨུར་ཝ་ཡུལ་ཤོག་གི་སྡེ་མིང་། ལོ་ཤིང་སྡེ་པར་མི༣༨༥ཡོད། ཧེ་ཨུར་སྡེ་པར་མི་གྲངས༡༠༥ཡོད། ཐེ་ཕན་སྡེ་པར་མི་གྲངས༢༢༥ཡོད། རྟ་དམག་སྡེ་པར་མི་གྲངས༢༥ཡོད། ཞོ་མ་སྡེ་པར་མི་གྲངས༢༧ཡོད། ཁྱུང་ཕན་སྡེ་པར་མི་གྲངས༦༠ཡོད། མཐུན་སྒྲིལ་སྡེ་པར་མི་གྲངས༢༢ཡོད། ཧེ་རྩི་སྡེ་པར་མི་གྲངས༡༥༣ཡོད། ཇོ་ཧྥོའུ་སྡེ་པར་མི་གྲངས༣༠༥བཅས་ཡོད་པ་ཡིན་ནོ། །

ཤུར་ལུང་ཡུལ་ཤོག་གི་སྡེ་མིང་ནི། (蟹螺藏族乡)

གོས་རྟ་ཉེས་ཡ་རྗེ་པ་སྡེ་པར་དུད་ཚང༡༨༠དང་མི་གྲངས༧༦༩ཡོད།

ཤུར་ལུང་པ་སུ་སྡེ་པར་དུད་ཚང༢༢༠དང་མི་གྲངས༡༢༠༠ཡོད།

མང་འཇོ་ཀ་སྡེ་པར་དུད་ཚང་༡༦༠དང་མི་གྲངས༦༨༢ཡོད།

མགོ་ཆུ་ཀ་སྡེ་པར་དུད་ཚང༣༧དང་མི་གྲངས༢༡༦བཅས་ཡོད་པ་ཡིན་ནོ། །

གདོང་ལེན་ཡུལ་ཤོག་་གི་སྡེ་མིང་། (先锋藏族乡)

སྦས་དུས་སྡེ་པར་དུད་ཚང༨༨དང་མི་གྲངས༢༧༡ཡོད།

ཀ་ཆུ་ཀ་སྡེ་པར་དུད་ཚང༡༢༨དང་མི་གྲངས༥༣༤ཡོད།

བློ་བ་གྲོང་རྡལ་གྱི་སྡེ་མིང་།

གོ་ལོ་ཀ་སྡེ་པ་ལ་དུད་ཚང༦༢དང་མི་གྲངས༢༥༨ཡོད།

གཅེས་ཚོའུ་པ་སྡེ་པ་ལ་དུད་ཚང༦༥དང་མི་གྲངས༣༢༡བཅས་ཡོད་པ་ཡིན་ནོ། །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫོང་དེའི་མི་ལས་ཁྱུར་ངལ་གསོ་བྱེད་མཁན་ཡོང་ཡིའུ་ཆའུ་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།།

ཆེན་བདེ་ཆེན་རང་སྐྱོང་ཁུལ་གྱི་གནས་ཚུལ་མདོར་བསྡུས།

བདེ་ཆེན་ནི་བོད་རིགས་མི་འབོར་ཅུང་ཟད་ཅིག་བསྡུས་པ་ཡིན་པའི་རང་སྐྱོང་ཁུལ་ཞིག་ཡིན་པར་ཡུན་ནན་ཞིང་ཆེན་གྱི་མངའ་འོག་ཏུ་ཚུད་ཅིང་ས་ཕྱོགས་ཀྱི་ཐད་ལ་སི་ཁྲོན་བོད་ཁུལ་ཆ་ཤས་དང་མཚམས་འབྲེལ་བྱས་ཡོད་པས་དེའང་མཉམ་དུ་ངོ་སྤྲོད་བསྡུས་པ་ཞིག་བྱས་ན།    བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་སྤྱི་ལོ༡༩༥༧ལོའི་ཟླ༩པའི་ཚེས༡༣ཉིན་གསར་དུ་བཙུགས། ཡུན་ནན་ཞིང་ཆེན་ནུབ་བྱང་རྒྱུད་དུ་ཆགས་ཤིང་། ཤར་ན་ནགས་ལུང་དབྱིས་རིགས་རང་སྐྱོང་རྫོང་དང་སི་ཁྲོན་ཞིང་ཆེན་མུ་ལི་བོད་རིགས་རང་སྐྱོང་རྫོང་དང་སྦྲེལ་ཞིང་། ལྷོ་རུ་ས་དམ་མི་ཉག་འཇང་ངམ་ནག་གཤིན་རིགས་རང་སྐྱོང་རྫོང་དང་འབྲེལ་ཞིང་།  ནུབ་ཕྱོགས་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་དང་སྡེ་འབྲེལ་ཞིང་བྱང་ཕྱོགས་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་སྦྲེལ་ཡོད། མངའ་འོག་ཏུ་བདེ་ཆེན་རྫོང་དང་འབའ་ལུང་རྫོང་། སེམས་ཀྱི་ཉི་ཟླ་བཅས་རྫོང་ཁག་གསུམ་ཡོད་ཅིང་།ཁུལ་མི་དམངས་སྲིད་གཞུང་ནི་སེམས་ཀྱི་ཉི་ཟླའམ་བདེ་ཆེན་རུ་ཆགས་་ཡོད། མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི༢.༣ཡོད། འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུ་ཤར་ནུབ་གཉིས་ཀྱི་གཞུང་དུ་འབབ་བཞིན་ཡོད།  ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འདུས་གནས་ཡིན་ཏེ་ཡུན་ནན་ནས་བོད་ལ་འགྲོ་སྐབས་ངེས་པར་དུ་བརྒྱུད་དགོས་སའི་བགྲོད་ལམ་ཞིག་ཡིན།  བསྡོམས་པས་མི་གྲངས་ཁྲི་ཚོ༣༤ཡོད་པའི་ནང་བོད་དང་ལི་སུའུ།འཇང་།  པེ།༼བོད།༽ དབྱིས་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི་ཚོ༢༨ཙམ་ཡོད་པར་བཤད།

ཀྲུང་གོ་གསར་པ་མགོ་མ་བཙུགས་གོང་ལ།  བདེ་ཆེན་ནི་ཆོས་སྲིད་ཟུང་འབྲེལ་བྱེད་སའི་བཀས་བཀོད་རྒྱུད་འཛིན་དང་ཞིང་བྲན་གྱི་སྤྱི་ཚོགས་ཤིག་ཡིན།ལོ་ངོ་དྲུག་སྟོང་ངམ་བདུན་སྟོང་སྔོན་ནས་མི་རིགས་ཁག་གི་མེས་པོ་དག་དེ་གར་འཚོ་གཞེས་བྱས་ཡོད།

ཧ་ལམ་ལོ་ངོ༢༣༠༠སྔོན་དུ་མཐོ་བོད་གནའ་མི་དག་གིས་ཡུལ་དེ་གར་རིག་གནས་ཕུན་སུམ་ཚོགས་པ་གསར་གཏོད་བྱས་པ་དང་། མིང་རྒྱལ་རབས་སྐབས་བདེ་ཆེན་དེ་འཇང་ས་དམ་རྒྱལ་པོའི་མངའ་འོག་ཡིན།    མིང་རྒྱལ་རབས་ཀྱི་རྗེས་དང་ཆིང་རྒྱལ་རབས་ཀྱི་དུས་མགོར་ཙམ་ལ་བོད་ལྗོངས་ཚོད་འཛིན་བྱས་པར་བདེ་ཆེན་མི་དམངས་ཀྱི་རེ་འདུན་ལྟར་ཡོང་ཀྲེན་སྲིད་ལོ་གཉིས་པ་སྟེ་སྤྱི་ལོ༡༧༢༤ལོར་ཕྱིར་ཡུན་ནན་ཞིང་ཆེན་མངའ་འོག་ཏུ་ཚུད་དེ་སྔ་ཕྱིར་རྒྱལ་ཐང་ཐིང་དང་ཝེ་ཞིན་ཐིང་བཙུགས་ནས་ལིང་ཅང་མཁར་གྱི་མངའ་སྡེ་རུ་གྱུར་པ་ཡིན་ནོ།     །

རྒྱལ་ཐང་གི་སེམས་ཀྱི་ཉི་ཟླ་རྫོང་གི་སྲིད་འཛིན་ས་མིང་།

རྒྱལ་ཐང་གྲོང་རྡལ་ལ་སྡེ་པ༢༨ཡོད། ལུའུ་ཅའི་ཡུལ་ཤོག་ལ་སྡེ་པ༢ཡོད།   (ལུའུ་ཅ་ཞེས་པ་ནི་དབྱིས་རིགས་ཀྱི་སྐད་ཡིན་པར་བཤད་འདུག)སྐད་ཚག་གམ་སྒྲ་ཚག་ཤང་ལ་སྡེ་པ༣ཡོད།  གཏེར་མ་རོང་གྲོང་རྡལ་ལ་སྡེ་པ༥ཡོད། ཡང་ཐང་ཡུལ་ཤོག་གམ་ཡང་དམ་གྲོང་རྡལ་ལ་སྡེ་པ༢དང་སྟག་མཆོང་གྲོང་དང་། གསེར་ཆུའམ་འབྲུ་ཆུ་གྲོང་། ཐང་གསུམ་གྲོང་ཆེན་གསུམ་བཅས་ཡོད། རྒྱ་ཞིང་ཁ་འམ་ལྔ་སོག་ཡུལ་ཤོག་ལ་སྡེ་པ་ཡོད། ཉི་ཤར་ ཡུལ་ཤོག་གམ་རོང་པ་ ཡུལ་ཤོག་ལ་སྡེ་པ༣ཡོད།  འབྲི་ཆུ་ཡུལ་ཤོག་དང་འབྲི་སྟོད་ཡུལ་ཤོག་བཅས་ཡོད་དོ།  ། 

བདེ་ཆེན་གྱི་འཇོལ་རྫོང་གི་ཤང་གྲོང་སོ་སོའི་མིང་།

བདེ་ཆེན་གྲོང་རྡལ་ལ་སྡེ་པ༤༧ཡོད།  གཡག་རྭ་ཤང་ལ་སྡེ་པ༥༣ཡོད། ཕུ་ཧྲང་ངམ་དགེ་བསྙེན་རི་བོ་ ཡུལ་ཤོག་ལ་སྡེ་པ༤༨ཡོད། ཡུན་ལུང་ངམ་ལྕང་ལུང་སྟེང་ཡུལ་ཤོག་ལ་སྡེ་པ༣༧ཡོད།  ཀོང་རྩེ་ར་གྲོང་རྡལ་ལ་སྡེ་པ༨༠ཡོད  གཡར་མེད་ ཡུལ་ཤོག་ལ་སྡེ་པ༥༩ཡོད། བྲག་ཞབས་ ཡུལ་ཤོག་སྡེ་པ༧༦ཡོད།  ཐོག་སྟོང་ ཡུལ་ཤོག་ལ་སྡེ་པ༧༥བཅས་ཡོད་པ་ཡིན་ནོ།  །

འབའ་ལུང་རྫོང་གི་ཤང་གྲོང་གི་སྲིད་འཛིན་ས་མིང་།

རྫོང་འདིའི་མི་ཕལ་མོ་ཆེ་ལི་སོ་མི་རིགས་རེད། བོད་མི་འདུས་སྡོད་བྱེད་ས་ནི་ཤང་ཁག་འགའ་ཞིག་མ་གཏོགས་མི་འདུག་ཅེས་བཤད་ཅིང་།  བོད་སྡེའམ་འབའ་སྡེ།  མཐའ་ཆུ། འདི་རྒྱ་མིང་ཡིན་པ་འདྲ། ཤང་འདིའི་ཁོངས་སུ་བོད་རིགས་འདུས་སྡོད་བྱས་སའི་གྲོང་པ་ཁ་ཤས་ཡོད་པར་ཡོད་བཤད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༡༡པའི་ནང་དུ་ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་གནས་སློབ་གླིང་གི་དགེན་དགེ་འདུན་ཕུན་ཚོགས་ལགས་ཀྱིས་མཁོ་འདོན་བྱས་པའོ།  །

མི་ཉག་ཕྱི་མའི་སྐོར་གྱི་ངོ་སྤྲོད།

ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་རང་སྐྱོང་རྫོང་གི་སྲིད་འཛིན་ས་མིང་།

གྲོང་རྡལ་དང་ཤང་སྡེ་པ་སོ་སོའི་ངོ་སྤྲོད།

 ༡ རབ་རྒྱས་གྲོང་རྡལ་ལ་སྡེ་པ་༡༤ཡོད།  ༢ ཁས་བཟང་ཉག་ག་གྲོང་རྡལ་ལ་སྡེ་པ་༡༣ཡོད།  ༣ སེར་རྩུད་གྲོང་རྡལ་ལ་སྡེ་པ༡༠ཡོད།  ༤ བཀྲ་ཤིས་ལུང་པ་གྲོང་རྡལ་ལ་སྡེ་པ༡༧ཡོད།  ༥ ཏཱ་བན་གྲོང་རྡལ་ལ་སྡེ་པ༡༣ཡོད།  ༦ ཕ་ཁྲི་གྲོང་རྡལ་ལ་སྡེ་པ༡༢ཡོད།  ༧ ཡར་ལུང་གྲོང་རྡལ་ལ་སྡེ་པ༧ཡོད།  ༨ སྟག་ལུང་སྡེ་གྲོང་རྡལ་ལ་སྡེ་པ༡༦བཅས་ཡོད་ཅིང་ཁྱོན་བསྡོམས་ན་གྲོང་རྡལ་བརྒྱད་ཡོད་པ་ཡིན་ནོ། །

༡ མཆོད་རྟེན་ཐང་ ཡུལ་ཤོག་ལ་སྡེ་པ༡༡ཡོད། ༢ སེ་ར་ལུང་ཡུལ་ཤོག་ལ་སྡེ་པ༢ལས་མེད། ༣ སྟོང་བོན་ཡུལ་ཤོག་ལ་སྡེ་པ༤ཡོད། ༤ བཀྲ་ཤིས་ཕྱུག་ལུང་ ཡུལ་ཤོག་ལ་སྡེ་པ༤ཡོད། ༥ སྐྱིད་ཡངས་ཐང་ ཡུལ་ཤོག་ལ་སྡེ་པ༨ཡོད། ༦ ཞྭ་དམར་ ཡུལ་ཤོག་ལ་སྡེ་པ༩ཡོད། ༧ རྒྱ་ཡག་ ཡུལ་ཤོག་ལ་སྡེ་པ༨ཡོད། ༧ དོར་ཞི་ ཡུལ་ཤོག་ལ་སྡེ་པ༢༢ཡོད། ༩ འདན་མ་ ཡུལ་ཤོག་ལ་སྡེ་པ༧བཅས་ཡོད་ཅིང་ཁྱོན་བསྡོམས་ ཡུལ་ཤོག་དགུ་ཡོད་པ་ཡིན་ནོ། །དཔའ་རིས་ཀྱི་ཡུལ་འདི་དག་ནི་གནའ་དུས་རྒྱའི་སུང་རྒྱལ་རབས་སྐབས་ནས་མི་ཉག་གི་མངའ་སྡེ་ཡིན་པ། དཔེར་ན་དེང་སང་ཡུལ་དེའི་མཁས་པ་ཆེན་པོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པོའི་དགེ་རྒན་ཆེན་མོ་དོར་ཞི་ཚང་དང་དཔའ་རིས་སངས་རྒྱས་སོགས་ལ་དྲིས་ནའང་ཤེས།  རྫོང་གཅིག་ལ་མི་གྲངས་ཁྲི་ཚོ་སུམ་ཅུ་ལྷག་ཙམ་ཡོད་པར་བཤད།  དཔའ་རིས་ཀྱི་ནོར་ཟོག་ཐམས་ཅད་ནི་དཀར་པོ་ཡིན།  དེའི་ལོ་རྒྱུས་རྒྱས་པར་ཤེས་འདོད་ན་སྤྱི་ལོ༢༠༡༣ལོར་མཚོ་སྔོན་གྱི་མང་ཚོགས་སྒྱུ་རྩལ་དེབ་བཞི་པའི་ཤོག་གྲངས་༡༧ངོས་ཀྱི་ཨ་བན་བསམ་འགྲུབ་ཀྱི་རྩོམ་ཡིག་དཔའ་རིས་ནོར་དཀར་གྱི་གཏམ་རྒྱུད་ལ་གཟིགས་དང་མཁྱེན་པར་འགྱུར་རོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༣ལོའི་ཟླ་༨་བ་༩ པའི་ནང་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རིམ་པའི་སློབ་མ་མགོན་པོ་སྐྱིད་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

མཚོ་སྔོན་ཞིང་ཆེན་གྱི་ཡ་རྫི་རྫོང་གི་རྡོ་སྦིས་ཀྱི་ལོ་རྒྱུས་སྤྱིར་བཤད་པ།

རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་གནའ་སྔ་མོའི་ལོ་རྒྱུས་གླེང་སྐབས་རྒན་པོ་རྣམས་ཀྱི་ཁ་ན་ལྷན་སྐྱེས་སུ་ཡོད་པའི་མི་ཉག་རྒྱལ་པོའི་དུས་སུ། རང་རེའི་ཡུལ་འདི་ལའང་མཁར་བརྡུངས་པ་དང་། ཞིང་ལས་པ། འགྲིམ་འགྲུལ་གྱི་ལམ་ལས་པ་སོགས་བྱ་བ་མང་པོ་ཞིག་བྱས་པ་རེད། དེ་དག་གི་རྗེས་ཤུལ་ད་ལྟ་ཡང་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་གན་རེད་ཅེས་བཤད་པ་དང་། དེ་ལ་བརྟེན་ནས་དཔྱད་བྱའི་གནས་མི་ཉུང་བ་ཞིག་རྙེད་པ་དང་ཆབས་ཅིག་ཏུ་གཏམ་རྒྱུད་ཀྱང་གོ་ཐོས་བྱུང་བ་ལྟར་རྩད་གཅོད་དང་བཅར་འདྲི་བྱས་པ་དང་། འབད་བརྩོན་གྱིས་ཞིབ་འཇུག་ཅུང་ཟད་བྱས་པ་འདི་ལྟར། དེ་ཡང་ཐོག་མར་ལོ་རྒྱུས་རྗེན་པར་ཤེས་པའི་ཕྱིར་དུ། མི་ཉག་རྒྱལ་པོ་གནས་པའི་ཡུལ་དང་། མི་ཉག་རྒྱལ་པོའི་ལོ་རྒྱས་དང་། དེས་སྲིད་དབང་བཟུང་བའི་སྐབས་སུ་ལས་པའི་བྱ་བ། དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་བཅས་ལ་ཡང་དཔྱད་པའི་འབྲས་བུ་རིམ་པར་འགོད་པ་ལ། གཅིག དེ་ཡང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི༼ དེབ་དམར་མཆན་འགྲེལ ༽ སོགས་ལ་གཞི་བཅོལ་ཏེ་ཅུང་ཙམ་བཤད་ན། མི་ཉག་གི་ཡུལ་ཞེས་པར༼ མཆན་འགྲེལ ༽དེ་ལས། མི་ཉག་གི་ཡུལ་ ( ཤིས་ཞ ) དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་༼ ཆོས་འབྱུང་མཁས་པའི་དགའ་སྟོན ༽ ལེ་ཚན〔མ〕པར།   མི་ཉག་གི་ལོ་རྒྱུས་སུ་ཤར་ན་རྒྱ་ནག་ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཡིན་ཞེས་བཤད་པ་དེང་སང་གི་ཧྲན་པེ། ཀན་སུའུ། ཉིང་ཞ་བཅས་ཀྱི་ནུབ་བྱང་དང་། མཚོ་སྔོན་གྱི་ཤར་བྱང་། ནང་སོག་གི་དུམ་བུ་ཅུང་ཟད་བཅས་ཚུད་པའི་ས་ཁུལ་ལ་ཟེར། སྔར་ས་ཁུལ་དེའི་ཉིང་ཞ་དབྱིན་ཁྲོན་དུ། སྤྱི་ལོ ༡༠༣༨ནས་༡༢༢༧བར་ལོ་ངོ་བརྒྱ་དང་དགུ་བཅུ་ཐམ་པའི་རིང་ཤིས་ཞ་སྟེ། བོད་ཡིག་གི་ལོ་རྒྱུས་ཐོག་མི་ཉག་རྒྱལ་ཁབ་ཟེར་བ་དེ་ཆགས་ཡུལ་ཡིན་ཞེས་བཀོད་པ་ལྟར་མི་ཉག་གི་རྒྱལ་ཁོངས་དང་དེ་གནས་པའི་ལོ་ཚིགས་སོགས་གསལ་བོར་བཀོད་ཡོད་པ་བཞིན་ནོ། །ཡང་བྲག་དགོན་པ་དཀོན་མཆོག་རབ་རྒྱས་མཆོག་གིས་སྤྱི་ལོ༡༨༣༣ལ་མགོ་བརྩམས་ནས་སྤྱི་ལོ༡༨༦༤ལ་གྲུབ་པའི༼ མདོ་སྨད་ཆོས་འབྱུང ༽ལས། བཀའ་གདམས་གླེགས་བམ་ནས་བྱུང་བའི་རྒྱལ་བུ་བློ་གྲོས་འཕེལ་དང་། དེ་ཉིད་ཀྱི་བླ་མ་ཨ་ཝ་བྷཱུ་ཏི། བལ་ཡུལ་ལ་སར་བ་མཉྫུ་གྲུབ་པེ། བལ་བོ་ཕམ་མཐིང་བ་སོགས་ཀྱིས་ཀྱང་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་འགྲོ་དོན་དཔག་མེད་མཛད། ཕྱི་མ་འདིས་མི་ཉག་རྒྱལ་པོ་ལ་དབང་བསྒྱུར་བའི་བླ་མ་གནང་། དེ་དུས་མི་ཉག་གི་ཡུལ་ནི། བྱང་གི་བོད་སོག་གི་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་པོའི་ཐོག་མ་སི་ཧུའི་གའི་ཇུ་ཞེས་པ་བྱུང་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས། ཤར་ན་རྒྱ་ནག་ལྷོ་ན་འཇང་། ནུབ་ན་བོད། རྒྱ་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ་གོ་ཏན་གྱིས་བཟུང་བའི་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཆར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་ཞེས་བཤད། མི་ཉག་རྒྱལ་རབས་ལྔ་པ་ཐེ་ཧུས་ཀརྨ་དུས་གསུམ་མཁྱེན་པ་གདན་འདྲེན་ཞུས་པ་མ་ཕེབས་པར་དགེ་བཤེས་གཙང་པོ་སྐུ་ཚབ་ཏུ་བཏང་། མཚུར་ཕུས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་གསེར་ཟངས་ཀྱི་ན་བཟའ་དང་བླ་བྲེ་བསྐུར། དེའི་སྲས་མི་ཉག་རྒྱལ་རྒོད་ཡིན་པར་གྲགས། བོད་ཀྱི་བསམ་ཡས་བཞེངས་སྐབས་ལྷ་སྲིན་གདུག་པ་ཅན་རྣམས་འདུལ་བའི་ཆེད་མཁན་པོས་བཀས། ཤར་མི་ཉག་གྷ་ཞེས་བྱ་བའི་རྣམ་ཐོས་ཀྱི་ཞིང་ཁམས་ན། གྷ་བ་རྡོ་རྗེ་གཞོན་ནུ་ཞེས་པ་རྣམ་ཐོས་སྲས་ཀྱི་སྤྲུལ་བ་ཞིག་ཡོད་པ་གདན་དྲངས་ན་ལེགས་པར་གསུངས་ཞེས་བློ་གྲོས་རིན་ཆེན་སེང་གེས་མཛད་པའི༼ འཇམ་དབྱངས་ཆོས་རྗེའི་རྣམ་ཐར་ལས་འབྱུང ༽ ཞེས་གསུངས་པ་དང་། ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས་བརྩམས་པའི༼ བསྟན་རྩིས་ཀུན་ལས་བཏུས་པ༽ལས། སྤྱི་ལོ༡༠༣༢ལོར་ཞི་ཞ་སྟེ་མི་ཉག་རྒྱལ་རྒོད་ཀྱི་རྒྱལ་རབས་མགོ་ཚུགས་ཞེས་དང་། སྤྱི་ལོ༡༡༣༦ལོའི་བར། དུས་འདི་ཙམ་གྱི་ལོ་སྔ་ཕྱི་ཉིས་བརྒྱ་ཙམ་ལ་མི་ཉག་རྒྱལ་རྒོད་ཀྱི་སྲིད་དབང་དར་པའི་དུས་ཞེས་དང་། སྤྱི་ལོ༡༡༩༥ལོར་ཆིང་གེ་སེས་རྒྱ་སེར་དབང་དུ་བསྡུས་ཞེས་དང་། སྤྱི་ལོ༡༢༠༦ལོར་ཇིང་གིར་གྱིས་བོད་ཁམས་དབང་དུ་བསྡུས་ཞེས་དང་། སྤྱི་ལོ༡༢༢༧ལོར་ཞི་ཞ་སྟེ་མི་ཉག་རྒྱལ་རབས་ཀྱི་མཇུག་རྫོགས། ཆིང་གེ་སེས་མི་ཉག་ལ་དབང་བསྒྱུར་ཞེས་གསུངས་པ་སོགས་ཀྱིས་མི་ཉག་རྒྱལ་རྒོད་ཀྱིས་ཨ་མདོ་ཤར་ཁུལ་གྱི་བོད་ཀྱི་ཡུལ་གྲུ་དབང་དུ་བསྡུས་པ་དང་། ཁྱད་པར་དུ་རང་རེའི་ཞོན་ཧྭ་རྫོང་དང་། ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་རྫོང་། ཀ་ཅུ་རྫོང་བཅས་ལ་ལོ་ངོ་ཉིས་བརྒྱ་ཙམ་ལ་དབང་བསྒྱུར་པས་མཁར་དང་ལམ།  ཞིང་ས་སོགས་ཀྱི་རྗེས་ཤུལ་ཧ་ཅང་མང་།  རྗེས་སུ་ཆིང་གེ་སེས་མི་ཉག་རྒྱལ་རྒོད་ཕམ་པར་བྱས་ཏེ།   རིམ་བཞིན་ཡོན་རྒྱལ་རབས་ཀྱིས་རྒྱལ་སྲིད་བཟུང་བ་གསལ་བོར་ཤེས་ཐུབ་བོ། ། གཉིས། ཡང་གོང་དང་མཚུངས་པར༼ དེབ་དམར་མཆན་འགྲེལ ༽ལས། གའི་ཙུ་རྒྱལ་པོ། མི་ཉག་རྒྱལ་པོ། ཤིས་ཞ་རྒྱལ་པོའི་མི་རབས་དང་པོ་ཅིང་ཙུང་ནང་ཤའོའམ། ཡོངས་གྲགས་སུ་ལི་ཡོན་ཧའོ་ཡང་ཟེར་ཞིང་། འདིའི་མེས་པོ་ནི་ལི་སི་ཀོང་བ་ཞིག་གིས་ཏང་ཞང་རིགས་རྒྱུད་ཚོ་བ་ཁག་གཅིག་གྱུར་བྱས་ཤིང་། རྗེས་སུ་ཐང་རྒྱལ་རབས་ཀྱི་བློན་པོའི་གྲས་སུ་ཞུགས་ཏེ་ཞབས་འདེགས་ལེགས་པོ་བྱུང་བས་ནུབ་ཕྱོགས་ས་ཁུལ་སྐྱོང་བའི་དཔོན་པོར་བསྐོས་ཐོག་ཐང་གོང་མའི་རུས་རྒྱུད་ཁོངས་སུ་བཞག་ནས་རུས་མིང་ལི་ཞེས་པར་བསྒྱུར། དེས་དབང་བསྒྱུར་བའི་ས་ཁུལ་ལ་ལིའི་ཡུལ་ཞེས་ཀྱང་འབོད།  ཐང་རྒྱལ་རབས་ཉམས་རྗེས་ལི་སི་ཀོང་གི་ཡང་ཚ་ལི་ཅིས་ཅན་དང་།  ལི་ཏེ་མིང་གཉིས་ཀྱིས་སྔ་རྗེས་སུ་སུང་རྒྱལ་རབས་དང་ལེའོ་རྒྱལ་རབས་ཀྱི་བློན་ཆེན་བྱས། ཏང་ཞང་མི་རིགས་ཀྱི་དཔལ་འབྱོར་དང་། རིག་གནས་གང་ཅིར་ཡར་རྒྱས་ཆེན་པོ་བྱུང་། སུང་རེན་ཙུང་རྒྱལ་པོའི་ཅིང་ཡོའུ་ཁྲི་ལོ་ལྔ་བ་ས་སྟག་སྟེ་སྤྱི་ལོ༡༠༣༨ལོར་བློན་པོ་ལི་ཏེ་མིང་གི་ཚ་བོ་བློན་པོ་ལི་ཡོན་ཧའོ་ཞེས་པས་ངོ་ལོག་བྱས་ཏེ་རང་ཉིད་རྒྱལ་པོ་བྱས་པའི་རྒྱལ་རབས་ཀྱི་མིང་ལ་ཏཱ་ཞ་སྟེ་ཆེན་པའི་ཞ་རྒྱལ་རབས་ཟེར་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་མི་ཉག་རྒྱལ་རབས་ཟེར། རྒྱལ་ས་ནི་ཤིན་ཅིང་(དེང་སང་གི་ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་དབྱིན་ཁྲོན་གྲོང་ཁྱེར་)ཡིན་ཞིང་།  རྒྱལ་རབས་དེར་རྒྱལ་པོ་མི་རབས་དགུ་བྱུང་བའི་རུས་མིང་ནི་ལི་ཡིན་ལ་སྤྱི་ལོ༡༠༣༨ནས༡༢༢༧བར་ལོ་བརྒྱ་དང་དགུ་བཅུའི་རིང་སྲིད་དབང་བཟུང་མཐར།  བོད་ཀྱི་རབ་བྱུང་བཞི་བའི་མེ་ཕག་སྟེ་སྤྱི་ལོ༡༢༢༧ལོར་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཇིང་གིར་ཧན་གྱིས་དམག་དྲངས་ཏེ་གཏོར་ཕམ་བཏང་བ་ཡིན་ཞེས་གསུངས་པ་ལྟར་རོ། །ལོ་ངོ་བདུན་བརྒྱ་དོན་གསུམ་གྱི་སྔ་རོལ་དུ་རྒྱལ་པོ་འདིས་སྲིད་དབང་བཟུང་བའི་སྐབས་སུ་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་ལོ་རྒྱུས་ལ་འབྲེལ་བ་ཤིན་ཏུ་དམ་པས་འདིར་བཀོད་པ་ལགས་སོ། ། གསུམ། མི་ཉག་རྒྱལ་པོའི་སྐབས་སུ་རྡོ་སྦིས་དང་འབྲེལ་ཡོད་ཀྱི་སྔོན་བྱུང་གཏམ་རྒྱུད་ཅུང་ཟད་བརྗོད་པ་ལ། རྒྱལ་པོ་དེས་སྲིད་དབང་བཟུང་བའི་སྐབས་སུ། རྡོ་སྦིས་གསེར་སྨུག་ལྗོངས་སུ་སྔ་རྗེས་སུ་རྒྱ་མཁར་ནག་དང་། རྡོ་སྦིས་རྟིང་གི་མཁར་བརྡུངས་པ་མ་ཟད། བིས་མདོ་ལུང་བའི་གའི་ཙུ་མཁར་རམ་མཁར་ནག་ཟེར་བའང་བརྡུངས་པ་དང་། དེ་བཞིན་དུ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་མཁར་བཞི་བརྡུངས་པའི་གཏམ་རྒྱུད་ཡོད་པ་འདི་ལྟར། དང་པོར་རྒྱལ་པོས་ཆེད་ལས་མི་སྣ་བཏང་ནས་སྡོད་ས་ལ་ད་ལྟའང་མི་ཉག་སྡེ་པ་ཞེས་བརྗོད་པ་དེ་ཆགས་ཤིང་། རྗེས་སུ་བསང་ཆུ་རྫོང་གི་ཏ་ནི་མཁར་དང་། རྒྱ་མོ་མཁར། རྒན་གྱའི་མཁར་བཅས་དང་། ཡང་རྒན་གྱའི་ཕྱོགས་ཀྱི་ཕག་མགོ་མཁར་བརྡུངས་པ་རེད། དེ་ལས་གཞན་ད་དུང་རེབ་གོང་སྨད་ཕྱོགས་ཀྱི་དཀར་རྩེ་གདོང་དུ་གྲགས་པའི་རི་རྒྱུད་ཨ་རྒྱལ་རིའི་སྟེང་ལ་མི་ཉག་རྒྱལ་པོའི་སྐུ་མཁར་བརྩིགས་ཞེས་པ་ལྟར་མཁར་བརྡུངས་པར་བཤད་པ་བཅས་སོ། །གང་ལྟར་མི་ཉག་རྒྱལ་པོའི་དུས་གནས་འདི་དག་ལ་མཁར་རྫོང་བརྒྱད་བརྡུངས་པར་གྲགས་ལ། མཁར་ཤུལ་དེ་དག་ད་ལྟའང་ངག་རྒྱུན་ལྟར་མིག་མཐོང་ལག་ཟིན་དུ་ཡོད་དོ།  །ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་འདེབས་སྐབས་དགོན་ས་འཚོལ་ཕྱིར་རྒན་གྱར་ཕེབས་པ། སྤྱི་ལོ༡༨༠༠ལོར་དབལ་མང་པཎྜི་ཏས་མཛད་པའི༼ བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན ༽ལས། བསང་གཞུང་དུ་ཕེབས་ཉིན་སྒྲོག་མདོར་རྐང་ཚའི་དཀའ་བཅུ་སོགས་རྐང་ཚའི་རྟ་བ་མང་པོ་ཆིབས་བསུར་འོངས་ཏེ་བཀྲ་ཤིས་འཁྱིལ་དུ་ཕེབས་རྒྱུའི་ཞུ་བ་ཕུལ་བར་ཀུན་མཁྱེན་རིན་པོ་ཆེས་ངེད་རྒན་གྱའི་པཎྜི་ཏས་བྲག་དཀར་དུ་གདན་དྲངས་ནས་མཐེན་པོ་ལ་བུད་ནས་འགྲོ་རྩིས་ཡིན། བཀྲ་ཤིས་འཁྱིལ་ལ་འདི་ནས་ཀ་ཙམ་འགྲོ་དགོས་གསུངས་པར། ཐག་ཉེ་ལུགས་དང་དེ་ནས་བྲག་དཀར་དུ་ཕེབས་ཆོག་པ་སོགས་ཞུས་པས་ཞལ་གྱིས་བཞེས། རིམ་གྱིས་གནས་གཟིགས་མཛད་པས་གད་པ་ལུག་མང་དང་གཞི་མོ་གླེ་དྲུག་གཉིས་གནས་བཟང་པོ་འདུག་མཁར་ལུང་ཀླད་ས་དཔྱད་ལེགས་ཀྱང་མཁར་ཆེན་གྱི་ཕུང་ཤུལ་ཡིན་པས་དགོན་གནས་མི་ལེགས་གསུངས། དེ་ནི་མི་ཉག་སིའུ་རྒྱལ་པོའི་གདུང་རབས་བདུན་པ་མི་ཉག་རྒྱལ་རྒོད་ཀྱི་དུས་སུ་ཡུལ་འདིར་འཁར་གཞི་མང་པོ་ཡོད་པ་བོད་ལ་རྒྱལ་པོར་གྲགས་པ་སྒྲོ་རིང་མདོ་བསྟན་ཟེར་བས་དགྲ་ཐབས་ཀྱིས་བཅོམ་པར་གྲགས་པ་ལྟར་དེ་ཞར་བྱུང་ཙམ་མོ་ཞེས་གསུངས་པའང་གོང་བརྗོད་ཀྱི་ནང་དོན་འདི་དག་ཇེ་གསལ་དུ་འགྲོ་བའི་རྒྱབ་རྟེན་ནོ། །བསང་ཆུ་རྫོང་གི་མཁར་འདི་དག་ལ། ལོ་རྒྱུས་ཐོག་རྒྱ་མོ་བོང་ཆེ་ཞེས་པའི་ས་དཔྱད་པ་ཞིག་གིས་དང་པོ་མི་ཉག་རྒྱལ་པོའི་མཁར། བར་དུ་ཇག་པ་རྐུན་མའི་མཁར། མཐའ་མར་བྱ་དང་བྱེའུ་མཁར་ཞེས་བཤད་པ་ལ། རྒྱལ་པོ་ཉམ་ཉེས་པ་ན་ཁོ་བོའི་རྒྱལ་སྲིད་ཐམས་ཅད་གོང་གི་དཔེ་བཞིན་རིམ་གྱིས་འཇིག་པའི་ཆོས་ཉེད་དུ་བཤད། ཡང་ངག་རྒྱུན་དུ་མཁར་གསུམ་པོ་གོང་གི་འཆར་གཞི་ལྟར་ཉིན་གཅིག་གམ་དུས་མཚུངས་སུ་གྲུབ་ནས་འགྲུབ་སྟོན་བྱས་པ་ལ། མི་སྤྲང་པོ་ཞིག་ཏ་ནི་མཁར་དང་། རྒྱ་མོ་མཁར་དུ་འགྲོ་དུས་སྔ་དྲགས་པས་སྟོན་མོའི་མགོ་མ་བརྩམས་ཤིང་། རྒན་གྱའི་མཁར་དུ་ཐོན་སྐབས་ཕྱེས་དྲགས་པས་སྟོན་རྗེས་མ་ཆོད་པ་ལ། ཁ་སྐད་དུ་སྤྲང་བོ་ཧ་ལང་ཧེ་ལང་། སྟོན་ཁ་གསུམ་གྱི་སྐལ་ཆད་ཅེས་པའི་གཏམ་དཔེ་ཡང་འདི་ནས་བྱུང་ཟེར།  མི་ཉག་རྒྱལ་པོའི་མཁར་དེ་དག་བརྡུངས་ནས་ད་ལྟའི་བར་ལོ་ངོ་བརྒྱད་བརྒྱ་ལྷག་སོང་ཕྱིར། རྡོ་སྦིས་གསེར་སྨུག་ལྗོངས་གྱི་མཁར་གཉིས་ལ་ད་ལྟའི་རྡོ་སྦིས་པ་རྣམས་ཀྱིས་མཁར་ནག་དང་མཁར་ཆག་ཟེར། དེ་ཟེར་དོན་ཅི་ཡིན་ཞེ་ན། མཁར་སྟེང་དང་གྱང་ངོས་སུ་རྩྭ་དང་སྤང་ཤ་སྐྱེས་ནས་མདོག་ནག་པོར་གྱུར་པས་མཁར་ནག་དང་། ཕྱོགས་ཐམས་ཅད་འཇིག་ནས་ཞིག་རལ་དུ་གྱུར་པས་མཁར་ཆག་ཅེས་བརྗོད་པ་ཡིན་ནོ། །ཡང་དེ་བཞིན་དུ་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ་མི་ཉག་རྒྱལ་པོའམ་རྒྱལ་རྒོད་ཀྱིས་སྲིད་བཟུང་བའི་དུས་སུ། རྡོ་སྦིས་ལུང་པ་ནགས་ཚལ་སྟུག་པོས་བཀང་སྟབས། ས་ཞིང་རྡོ་སྦིས་ཉིན་སྲིབ་ཀྱི་རི་སྐས་དག་ན་ལས་ཡོད་པ་དང་། ཡང་དེ་བཞིན་དུ་འགྲིམ་འགྲུལ་གྱི་ལམ་ཡང་རི་སྐས་ན་ལས་ཡོད་པའི་རྗེས་ཤུལ་ད་ལྟ་ཡང་མིག་མཐོང་ལག་ཟིན་དུ་གྲུབ་ཡོད་པས། འདི་ནི་མི་ཉག་རྒྱལ་རྒོད་ཀྱི་སྐབས་སུ་ལས་པའི་ཞིང་དང་ལམ་ཡིན་ཞེས་ཀུན་གྱི་ཁ་ན་ལྷན་སྐྱེས་སུ་ཡོད་པ་ལྟར་བདེན་དཔང་བྱེད་ཆོག་གོ། །ད་ནི་བརྗོད་བྱའི་དོན་དངོས་ལ་འཇུག་པར་བྱ་བ་ལ། རྡོ་སྦིས་གསེར་སྨུག་ལྗོངས་སུ་ད་ལྟ་གནས་བཞིན་པའི་གྲོང་སྡེ་ཉེར་དགུ་དང་དགོན་སྡེ་བཅུ་གཉིས་ཡོད་ལ། དེ་དག་ནི་དུས་ནམ་ཞིག་ལ་ཆགས་པ་རེ་རེ་བཞིན་གསལ་བོ་བརྗོད་དཀའ་ཡང་། མི་ཉག་རྒྱལ་པོའི་ཡར་སྔོན་ནས་བཟུང་འདིར་མི་ཡོད་པ་ལོ་རྒྱུས་དང་ངག་རྒྱུན་སོགས་ཀྱིས་བདེན་དཔང་བྱེད་ཐུབ། དེ་ཡང་མི་ཉག་རྒྱལ་པོས་སྤྱི་ལོ༡༠༣༨ནས༡༢༢༧བར་སྲིད་དབང་བཟུང་བ་དང་།  དེའི་སྐབས་ཀྱི་ཐོག་མཐའ་བར་གསུམ་ལ་རང་རེའི་གསེར་སྨུག་ལྗོངས་འདིར་རིམ་གྱིས་མཁར་བརྡུངས་པ་དང་། ས་ཞིང་ལས་པ། ལམ་བཟོས་པ་ཡིན་པ་མང་པོ་བཤད་མི་དགོས་པར་བསམ། འདི་རུ་དཔྱད་པར་བྱ་བ་ཞིག་ཡོད་པ་ནི། དེ་དུས་ནས་རྡོ་སྦིས་གསེར་སྨུག་ལྗོངས་འདི་མི་མེད་ལུང་སྟོང་མ་ཡིན་པ་གསལ་བོ་ཤེས་ཐུབ་པ་རེད། གལ་སྲིད་མི་མེད་ལུང་སྟོང་ཞིག་ཡིན་ཚེ། མི་ཉག་རྒྱལ་པོས་རང་རེའི་ལྗོངས་འདིར་གོང་དུ་ཞུས་པའི་བྱ་བ་འདི་དག་བྱེད་དགོས་དོན་མེད་པ་དང་། བྱེད་ཀྱང་དབང་སྒྱུར་བྱའི་གཞི་མེད་པ་སོགས་རང་བཞིན་གྱིས་རྟོགས་ནུས་པ་ལགས་སོ།   །ཡང་སྐབས་དེར་གནས་པའི་མི་རྣམས་རང་རེའི་སྔོན་རབས་པའམ་ཨ་མྱེས་ཡང་མྱེས་ཡིན་མིན་མངོན་གསལ་མིན་པའི་ལྐོག་གྱུར་གྱི་གནས་ཤིག་ཡིན་ལ། དམངས་ཁྲོད་ཀྱི་ངག་རྒྱུན་དུ་གྲགས་པའི་གཏམ་རྒྱུད་ལ་བརྟེན་ནས་རྗེས་དཔག་བློ་ཡིས་དཔྱད་པ་བཏང་ན་ལྐོག་གྱུར་དེ་ཡང་ཤེས་ཐུབ་པར་བསམ་སྟེ། འདིར་དེ་དང་འབྲེལ་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་འགའ་འགོད་པ་ལ། དཔེར་ན་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་སྔོན་བྱུང་གི་དམངས་ཁྲོད་དུ་གྲགས་པའི་གཏམ་རྒྱུད་ལས།   སྤྲེལ་ལུང་སྡེ་པའི་ས་ཆ་དར་རྒྱལ་ཉག་ག་དང་འབྲེལ་བར་ཡོད་པ་ལ། མི་ཉག་རྒྱལ་པོའི་སྲིད་དབང་བཟུང་བའི་དུས་སུ།  མི་ཉག་གི་དམག་ཡང་ཡང་ཡོང་ནས་དམངས་ཀྱི་རྒྱུ་ནོར་འཕྲོག་པ་དང་། བཅོམ་པ་ལ་སོགས་བྱ་ངན་གདུག་རྩུབ་ཅན་བྱས་པས། ཐེངས་གཅིག་ལ་མི་ཉག་རྒྱལ་པོའི་དམག་ཡར་ལོག་བྱས་སྐབས་བོད་རྣམས་ཕམ་སྟེ། དེའི་རོ་རྣམས་ས་འོག་ཏུ་བཅུག་ནས་ས་སྤུངས་རྡོ་སྤུངས་བརྒྱབ་སྟེ་བཞག་ཡོད་པ་ལ། འདི་ནི་དམངས་ཁྲོད་དུ་མི་ཉག་རྒྱལ་པོའི་དམག་གིས་ང་ཚོའི་སྔ་རབས་པ་བསད་པའི་དུར་ས་ཡིན་ཞེས་ངག་རྒྱུན་དུ་གྲགས་པ་རེད། སྤྱི་ལོ༡༩༥༨ལོར་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱེད་དེ་ས་རྒོད་སློག་ནས་ཞིང་ས་ལས་དགོས་པའི་བཀའ་ལྟར་ས་སྟོང་ཐམས་ཅད་ཞིང་ས་བྱས་པ་རེད། དེའི་སྐབས་སུ་དུར་ས་འདི་ཡང་ཞིང་ས་བྱས། དེའི་རྗེས་ཀྱི་སྤྱི་ལོ༡༩༧༣ལོར་ཡང་མི་དམངས་སྲིད་གཞུང་གིས་ཞིང་ལས་ཐད་ཏ་ཀྲེ་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་བསྐུལ་གནང་བ་ལྟར། སྤྲེལ་ལུང་མང་ཚོགས་ཀྱིས་དུར་ས་ཡོད་པའི་ཞིང་ས་དེ་དག་བདེ་ཐང་བྱས་སྐབས་ས་འོག་ནས་མི་རོ་མང་པོ་ཞིག་ཕྱིར་ཐོན་པ་དེས། དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་དེ་འདོད་པ་བྱུང་རྒྱལ་དང་། ཁུངས་ལུང་མེད་པར་སྨྲས་པ་ཞིག་མ་ཡིན་པ་ར་སྤྲོད་གསལ་བོ་ཞིག་བྱུང་བ་རེད་དོ། །ཡང་དེ་བཞིན་དུ་མི་ཉག་རྒྱལ་པོས་དབང་སྒྱུར་དུས་སུ། སྙོམ་ཚང་ལ་ཁ་ཞེས་པའི་ས་འདིར་སྙོམ་ཚང་ཨ་ཡེ་ཟེར་བའི་ཚོ་བ་ཞིག་ཡོད་པ། དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་ཅིག་འདུག    དེ་ཡང་རགས་ཙམ་ཞིག་བཤད་ན། སྙོམ་ཚང་ཨ་ཡེ་ཟེར་བའི་ཚོ་བ་དེས་ཞིང་ཕྱུགས་གཉིས་ཀྱི་ཐོན་སྐྱེད་ནས་རྒྱུ་འབྱོར་མངའ་ཐང་ཆེན་པོ་ཞིག་ཡོད་པར་བཤད་མོད། འོན་ཀྱང་མི་ཉག་རྒྱལ་པོའི་དུས་སུ་ས་ཆ་གཞན་ཞིག་ནས་འདི་རུ་འོངས་པ་ཡིན་ནམ། དེའི་སྔོན་དུ་ཡོད་པ་ཡིན་མིན་གསལ་བོ་སུས་ཀྱང་མི་ཤེས་ནའང་། གང་ལྟར་ལོ་ངོ་བརྒྱ་ཕྲག་མང་པོ་འགོར་བ་ཞིག་རེད། གང་ཡིན་ཞེ་ན། སྙོམ་ཚང་ལ་ངོས་ཀྱི་ཆུ་ཙག་སྡོང་རྒན་ཟེར་བའི་གཏམ་རྒྱུད་ལས་ཤེས་སོ།  །དེ་ཡང་རགས་ཙམ་བཤད་ན། ཉིན་ཞིག་སྙོམ་ཚོང་ཨ་ཡེ་རྗེས་འབྲངས་དང་བཅས་པ་གཞོང་ཤད་དུ་འོངས་ནས། ཕྱིར་སྙོམ་ཚང་ལ་བརྒྱུད་སྐབས་དེའི་ཉིན་ཚ་བ་ཧ་ཅང་ཆེ་བས་ཨ་ཡེ་ལ་སྐོམ་པ་ཆེན་པོ་སྐྱེས་ཤིང་ཆུ་ཙག་ཁུག་གི་ཆུ་མིག་སར་སླེབས་པ་ན། ལག་རྟེན་གཡོས་ལྕུག་དེ་ཆུ་ཁའི་འདམ་ནང་དུ་བཙུགས་ནས་ཆུ་འཐུང་བས། སྐོམ་པ་གཏིང་ནས་སེལ་ཏེ་བདེ་བ་ཆེན་པོ་བྱུང་སྟབས། ལག་རྟེན་དེ་ཡང་བཞག་སྟེ་སོང་བར་བཤད། རྗེས་སུ་གཡོས་ལྕུག་དེ་སྐྱེས་ནས་ལོ་ངོ་བརྒྱ་ཕྲག་མང་པོ་སོང་བ་ན་སྡོང་རྒན་ཆེན་པོ་ཞིག་ཏུ་གྱུར་པས། ཆུ་ཙག་སྡོང་རྒན་ཞེས་བརྗོད་ཀྱིན་འདུག་སྡེ་མི་རྣམས་ཀྱིས་མཐོང་བ་ལྟར་ན་དེའི་སྦོམ་ཚད་ལ་མི་ལྔ་དྲུག་གི་འདོམ་པའི་ནང་ཤོང་དཀའ་བ་ཡིན། དོན་འདིར་དཔྱད་ན་སྙོམ་ཚང་ཨ་ཡེའི་ཚོ་བ་དེ་གནའ་འདིར་ལོ་ངོ་བརྒྱ་ཕྲག་མང་པོ་བསྡད་པ་ངང་ངམ་གྱིས་རྟོགས་ཐུབ་པ་དང་བདེན་དཔང་བྱེད་ཆོག་མོད། འོན་ཀྱང་སྤྱི་ལོ༡༩༥༨ལོར་མཉམ་ལས་ཁང་འཛུགས་སྐབས། སྙོམ་ཚང་ལ་ཁའི་སྔོན་གྱི་ཞིང་ཤུལ་རྣམས་སུ་སླར་ཡང་ས་ཞིང་གསར་བ་མང་པོ་ལས་ཤིང་། ཞིང་ལས་པ་རྣམས་ཀྱིས་ལོ་རྒྱུས་ཀྱི་བདེན་རྟགས་ལ་གདེང་འཇོག་མ་བྱས་པར་སྡོང་རྒན་དེ་རྩ་བ་ནས་བཅད་དེ་ཟ་ཁང་གི་མེ་ཤིང་བྱས་པ་རེད། ད་ལྟ་རང་ལོ་ལྔ་བཅུ་མན་གྱི་མི་རྣམས་ལ་བཤད་ན། དེ་ཡང་རྣ་བར་མི་འགྲོ་བ་དང་ངེས་ཤེས་འདྲོང་མི་ནུས་པ་ལྟ་བུའོ། །ཡང་དེ་བཞིན་དུ་སྙོམ་ཚང་ཨ་ཡེ་ཟེར་བའི་ཚོ་བ་དེ་སྙོམ་ཚང་ལ་ཁ་ནས་ལོ་ངོ་བརྒྱ་ཕྲག་མང་པོ་ལ་གཞི་བཟུང་སྟེ་འདུག་སྐབས། ཞིང་ཕྱུགས་གཉིས་ཀྱི་ཐོན་སྐྱེད་སྤེལ་ནས་སྟོབས་འབྱོར་མངའ་ཐང་ལྡན་པར་གྲགས་ཁོ་ཚོས་ཕྱུགས་ལས་སྤེལ་བའི་ས་ཁུལ་ལ། དེང་སང་ཡང་འབྲོག་མོ་ཁུག་དང་འབྲོག་མོ་སྒང་། གདོང་མཐོ་བ་ཞེས་བརྗོད་པ་དང་། ཞིང་ལས་སྤེལ་བའི་ས་ཁུལ་ལ་དེང་སང་ཐང་ཆེ་ཞེས་བརྗོད་པ་ཡིན། དེ་ཡང་བདེན་པར་འདོད་དེ། སྐབས་དེར་ལས་པའི་ས་ཞིང་གི་དབྱིབས་གྲུ་བཞི་དང་། གྲུ་གསུམ། ཟླུམ་པོ་སོགས་ས་ཡི་འོས་འཚམས་དང་བསྟུན་ནས་ལས་པ་ཤ་སྟག་རེད། རང་རེ་རྣམས་ཀྱིས་ཤེས་དུས་ཧོར་གྲོལ་བའི་ཕྱུགས་སྐྱོང་བྱེད་པའི་རྩྭ་ས་ཞིག་ཏུ་ཆགས་ཡོད་པ་རེད། དེ་ལའང་མི་ཉག་རྒྱལ་པོའི་དམག་ཐེངས་མང་པོ་ཡོང་སྟེ་འཕྲོག་བཅོམ་དང་། གདུག་རྩུབ་ཀྱི་བྱ་བ་མང་པོ་བྱས་སྐབས། འདི་ནས་སྡོད་ཐབས་མེད་པར་དབུས་སུ་སོང་ཟེར། ཚོ་བ་འདི་ལ་དེང་སང་རིགས་རྒྱུད་མ་ཆད་པ་དང་འཕེལ་ནས་ཡོད་པས། རྡོ་སྦིས་ཀྱི་མི་ལྷ་སར་འགྲོ་སྐབས་ལམ་གྱི་ཚོ་བ་འདི་གནས་སའི་གྲོང་སྡེ་དང་འཕྲད་ན་ཁོ་ཚོས་ཕ་ཡུལ་གང་ནས་ཡིན་པ་ཞིབ་འདྲི་བྱེད་པ་དང་། རྡོ་སྦིས་ཀྱི་མི་ཡིན་ཟེར་ན། འདུག་ས་དང་ཟ་མ་མང་པོ་སྟེར་པར་མ་ཟད། ང་ཚོའི་ཚོ་བའི་སྔ་རབས་པ་ཨ་མདོ་རྡོ་སྦིས་ནས་འོངས་ཞེས་ཟེར་གྱིན་འདུག་སྐད། གོང་གི་འདི་དག་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་ལོ་རྒྱུས་ལ་འབྲེལ་བ་ཡོད་པ་དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་བཅར་འདྲི་དང་།  ཞིབ་འཇུག་བྱས་པ་ལ་བརྟེན་ནས་བཀོད་པ་ཡིན་ནོ། །

སྙོམ་ཚང་ཨ་ཡེ་དང་དེའི་ཚོ་བས་ལོ་ངོ་བརྒྱ་ཕྲག་འགར་བཟུང་ནས་ཞིང་ཕྱུགས་གཉིས་ཀྱི་ཐོན་སྐྱེད་སྤེལ་བའི་སྙོམ་ཚོང་ལ་ཁ་ད་ལྟ་ཅི་འདྲ་ཞིག་ཡིན་ཞེ་ན། སྤྱི་ལོ༡༩༥༨ལོར་མཉམ་ལས་ཁང་འཛུགས་པའི་སྐབས་སུ། སྙོམ་ཚང་ཨ་ཡེའི་ཞིང་ས་ཐང་ཆེ་དང་། ཕྱུགས་སྐྱོང་རྩྭ་ས་འབྲོག་མོ་ཁུག་འབྲོག་མོ་སྒང་། གདོང་མཐོ་བ། དར་ལྕོག་ཤར། རྒྱ་ནག་ལུང་པ། གྲོ་མ་ལུང་སོགས་ས་གཞི་ཐམས་ཅད་སྙོམ་ཚང་རྩ་ན་ཡོད་པའི་ཧོར་གྲོལ་བ་དང་། སེར་གྲོང་། ཧོར་རོན་པོ་སྡེ་པ་བཅས་ཀྱིས་རང་གི་འཁོར་ཕྱོགས་སུ་གཏོགས་པར་བྱས་ཏེ་ས་ཞིང་ལས་པ་རེད། ཡང་སྤྱི་ལོ༡༩༧༣ལོའི་སྔ་གཞུག་ཏུ་ཞིང་ལས་ཐད་ཏ་ཀྲེ་ལ་སློབ་སྦྱོང་བྱེད་སྐབས། ས་ཞིང་བདེ་ཐང་བྱེད་དུས་ས་འོག་ཏུ་སྙོམ་ཚང་ཨ་ཡེའི་འབྲུ་མཛོད་ཅེས་པའི་ས་དུང་ཆེན་པོའི་ནང་འབྲུ་རུལ་ནས་ཡོད་པ་ཐོན་པ་དང་།  ཞིང་ལས་རྒྱུ་ཆས་སམ་ཡོ་བྱད་མང་པོ་ཐོན་པར་མ་ཟད། དུར་ས་མང་པོའང་ཐོན་པས་མི་རྣམས་ལ་ངག་རྒྱུན་དུ་གྲགས་པའི་གཏམ་རྒྱུད་དེ་ཡང་ཁུངས་ལུང་མེད་པར་བྱང་རྒྱལ་དུ་སྨྲས་པ་ཞིག་གཏན་ནས་མ་ཡིན་པ་དང་། ལོ་རྒྱུས་ཀྱི་ཁུངས་གཏུག་ས་ཞིག་ཡིན་པར་གསལ་པོ་ར་སྤྲོད་བྱུང་བ་རེད།  ཅེས་འདིའི་འབྱུང་ཁུངས་ནི་བཀའ་མ་མཁའ་འབུམ་སོགས་ཀྱིས་བརྩམས་པའི་སྤྱི་ལོ༢༠༠༩ལོའི་ཟླ་༩པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་རྡོ་སྦས་གསར་སྨུག་ལྗོངས་ཀྱི་ལོ་རྒྱུས་དོ་ཤལ་ཕྲེང་བའི་ཤོག་གུ་ལྡེབ་མ༥༥ནས༦༧བར་ནས་ཁོ་བོས་བཏུས་པ་ཡིན་ནོ།  །

མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་ཁྲི་ཁ་རྫོང་གི་ཧུའུ་ཡོན་གྲོང་རྡལ་མི་ཉག་སྡེ་པར་དུད་ཚང་༦༠ལྷག་དང་མི་གྲངས་༣༦༠ལྷག་ཙམ་ཡོད་པར་མ་ཟད་ད་དུང་མི་ཉག་མཆོད་རྟེན་ཞེས་མཆོད་རྟེན་ཆེན་པོ་སྐད་གྲགས་ཅན་ཞིག་ཀྱང་ཡོད། དེ་མིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྩི་རྫོང་ཞུང་ཞན་ཞང་གི་མི་ཉག་སྡེ་པ་ལ་མི་གྲངས་༢༦༣ ཡོད་ཅིང་། ད་དུང་དཔའ་ལུང་ངམ་བར་ལུང་རྫོང་སོགས་ལའང་མི་ཉག་གི་སྡེ་པ་ཤ་ཤས་རེ་ཡོད་པར་བཤད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༣ལོའི་ཟླ་༨པའི་ཚེས་༣༠ལ་མཚོ་ལྷོ་རང་སྐྱོང་ཁུལ་གྱི་རང་གི་སློབ་མ་རིག་ལྷ་འབུམ་གྱིས་མཁོ་འདོན་བྱས་པ་ལྟར་འདིར་བཀོད་པ་ཡིན་ནོ།  །

ཞར་བྱུང་སྔོན་ཆད་ཀྱི་ས་ཆའི་ལོ་རྒྱུས་མདོ་ཙམ་བཤད་པ།

དེ་ཡང་མི་ཉག་གི་རྒྱལ་རྒྱུད་འགས་འབངས་འཁོར་བཅས་དབུས་གཙང་བརྒྱུད་བལ་ཡུལ་དང་རྒྱ་གར་ལ་སོང་ནས་གནས་གཞིར་བཟུང་བ། འབྲུག་པ་རྒྱལ་པོ་དང་། འབྲས་ལྗོངས་རྒྱལ་པོ་ཡང་མི་ཉག་གི་རྒྱལ་རིགས་གོང་མའང་བྱས་མྱོང་བའི་སྟོབས་ཤུགས་ཆེན་པོ་དེ་དང་། ཤར་པ་ཚང་མ། ཁམས་དར་མདོའི་སྲིད་འཛིན་ས་ཁུལ་ཡོངས་རྫོགས། མུ་ལེ་རྫོང་གི་སྲིད་འཛིན་ས་ཆ་ཡོངས་རྫོགས། རོང་དགུའམ་བརྒྱད་ཟུར་རྫོང་གི་སྲིད་འཛིན་ས་ཆ་ཡོངས་རྫོགས། ཉག་ཆུ་ཁའི་ཤང་དགུའི་སྲིད་འཛིན་ས་ཆ་ཕལ་ཆེར་བཅས་དང་།  རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད།   གཡག་རྔའི་ཧར་ཡག་རྫོང་གི་ཡུལ་ཤོག་གཅིག་དང་སྲིབ་སྨད་རྫོང་གི་ཡུལ་ཤོག་འགའ་ཤས་བཅས་དང་། ལིའང་ཧྲན་རང་སྐྱོང་ཁུལ་གྱི་རྫོང་ལྔའི་བོད་རིགས་ཡོད་སའི་སྲིད་འཛིན་ས་ཆ་ཡོངས་རྫོགས། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ་དང་སྨུག་པོ་འཇང་ས་དམ་རྒྱལ་པོའི་ས་ཆ་ཡོངས་རྫོགས་སོགས་ལ་ཁྱབ་ཡོད་པ་ཡིན། འབྲུག་པ་རྒྱལ་ཁབ་ཀྱི་རྒྱ་གར་གྱི་གཞུང་ཚབ་ཁང་གི་དཔོན་པོ་མི་ཉག་གི་ཁའུ་བསོད་རྒྱལ་ཡིན།   དེང་སང་མི་ཉག་རི་ཁུག་དབོན་པོ་འབྲུག་པ་རྒྱལ་པའི་ཆོས་ལུགས་པའི་སྐུ་ཚབ་བྱས་ནས་རྒྱལ་ཁབ་གཞན་དག་ལ་འགྲོ་ཆོག་པ་ལྟ་བུ་སོགས་ཡིན་ནོ ། ། མི་ཉག་ཕྱི་མའི་མཚོ་སྔོན་གྱི་ཁྲི་ཀའི་མི་ཉག་སྡེ་པ་སོགས་དང་། ཀན་སུའུ་དཔའ་རིས་རང་སྐྱོང་རྫོང་སོགས་སྲིད་འཛིན་ས་ཆ་ཡོངས་རྫོགས་སོགས་ཡིན་ནོ།   །

གོང་བཤད་ལྟར་མཚོ་སྔོན་དང་ཀན་སུའུ་ཡི་མི་རྣམས་ཀྱི་གནས་ཚུལ། དཔེར་ན།  སྐུ་འབུམ་དགོན་པར་མི་ཉག་ཁང་ཚན་ཡོད་ཅིང་། དེ་བཞིན་དུ་མཚོ་ལྷོ་ཁུལ་གྱི་ས་ཆ་ཁ་ཤས་ན་མི་ཉག་གི་ཁང་ཤུལ་དང་མི་ཉག་མཆོད་རྟེན་ཟེར་བ་བཅས་ཡོད་པ་དང་། སྐུ་འབུམ་གདན་ཁྲིའི་ཐོག་ཏུ་མི་ཉག་གི་མཁས་དབང་མང་པོ་བཞུགས་མྱོང་བར་བལྟས་ན། བར་སྐབས་ཤིག་ལ་མཚོ་སྔོན་དང་ཀན་སུའུ་སོགས་ལ་མི་ཉག་གི་སྡེ་པ་དང་རིག་གནས་ཅན། མི་ཉག་གི་སྐྱེས་ཆེན་དམ་པ་མང་དུ་བྱོན་ཡོད། རྗེས་སུ་སོག་པོའི་དམག་ངན་ཕན་ཚུན་བར་གྱི་འཁྲུག་པ་དང་། རྒྱ་སོག་བར་གྱི་འཁྲུག་པ། བོད་དང་ཁ་ཆེ་བར་གྱི་འཁྲུག་པ་བཅས་ཀྱིས་མནར་ཞིང་ཁྱད་པར་སོག་པོ་དམག་ངན་གྱིས་ཡུན་རིང་དབང་བསྒྱུར་ཐོག་མི་ཉག་གི་མི་ཕལ་ཆེ་བ་སོག་པོ། ཧོར། ཡུ་གུར། རྒྱ། ཁ་ཆེ་སོགས་ཀྱི་རིགས་སུ་གྱུར་ཞིང་། སྐད་ཀྱང་ཕལ་ཆེར་ནུབ། དེང་སང་མི་ཉག་སྡེ་པ་ཐ་ཐོར་ཡོད་པ་རྣམས་ལའང་མི་ནག་སྡེ་པ་ཟེར་བ་སོགས་སྨྲ་འབེབས་ཀྱང་བྱས་མྱོང་། མཚོ་སྔོན་དང་ཀན་སུའུ་ན་ད་ལྟ་མི་ཉག་གི་མི་ཉུང་ངུ་ལས་ལྷག་མེད་ཅིང་། ཕམ་ཁ་ཁུར་བའི་དབང་གིས་སྔོན་རྒྱ་ནག་གི་མན་ཇུ་རིགས་ལ་ཅི་འོང་དེ་མི་ཉག་གི་བོད་པ་ལའང་ཡོང་ཡོད་པ་འདྲ། གཞན་ཡང་ཇ་ནག་དར་རྩེ་མདོ་ནི་ཁམས་མི་ཉག་གི་ལྟེ་བ་ཡིན་པར་མ་ཟད། ཏཱ་མིན་གོང་མི་དུས་ནས་མི་ཉག་གི་རྒྱལ་སར་གྱུར། རྒྱལ་པོའི་མིང་ལ་ལྕགས་ལ་རྒྱལ་པོར་བཏགས་ཤིང་ད་བར་རྒྱལ་རྒྱུད་མ་ཆད་པ་བྱུང་ཡོད་ཅིང་། རྒྱལ་པོའི་ཕོ་བྲང་གི་ལྕགས་རི་ཡང་ད་ལྟ་ཞིག་རོ་དངོས་སུ་མཐོང་རྒྱུ་ཡོད།

དུས་རབས་བཅུ་དྲུག་པའི་བོད་རབ་བྱུང་བཅུ་པའི་མཇུག་ཙམ་དུ་སོག་པོའི་དམག་ངན་གུ་ཤྲི་ཤོག་ཁས་ཁམས་བེ་རི་རྒྱལ་པོར་ངོ་རྒོལ་བྱེད་སྐབས། གུ་ཤྲིའི་བུ་ཆེ་བ་མཁའ་འགྲོ་བསྟན་སྐྱོང་གིས་ཡུན་ནན་འཇང་ལ་རྒོལ་བ་སོགས་ཀྱི་སྐབས་སུ་མི་ཉག་ཐེངས་མང་པོ་འཛུལ་ཏེ་གྲོང་ཚོ་མང་པོ་བརླགས་ཤིང་། མི་ཉག་གི་དགོན་པ་ཕལ་ཆེར་བརླགས་ནས། རིག་གནས་སྦྱོང་བའི་གོ་སྐབས་གཏན་མེད་དུ་བཏང་ནས་མུན་པའི་གནས་ཤིག་ཏུ་གྱུར་ན་ཡང་། ཁྱད་པར་དུ་ཡང་བར་སྐབས་ཤིག་གི་རིང་ལ་ཁམས་མི་ཉག་རིང་མོ་ལ། སོག་པོ་གོང་མ་ནས་ཏཱ་མིན་གོང་མའི་བར་དགོན་སྡེ་དང་། དགེ་འདུན་པ་རྣམས་ལ། འཆད་ཉན་སྒོམ་སྒྲུབ་སོགས་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་ཡང་། མན་ཇུ་གོང་མའི་དུས་སྟོད། དུས་རབས་བཅུ་བདུན་པ་ཙམ་ནས་ཡང་སོག་དམག་གིས་དགོན་སྡེ་རྩ་གཏོར་གྲྭ་པ་རྣམས་དམར་བསད་བཏང་ནས་རྒྱལ་བསྟན་ཉམས་ཤིང་རིག་གནས་ཤེས་མཁན་ཡང་མེད་པར་གྱུར་ཏོ། །

སྐབས་དེ་ནས་བཟུང་མི་ཉག་གི་སྐད་ཀྱང་ཕལ་ཆེར་མེད་པར་གྱུར་ནས། ད་ལྟ་མི་ཉག་གི་སྐད་གཙང་མ་སྤྱོད་ནས་བཤད་ཤེས་མཁན་དར་མདོ་རྫོང་གི་ས་བདེ་ཆུས་དང་། རོང་དགུའམ་བརྒྱད་ཟུར་རྫོང་གི་ཐང་མགོ་ཆུས། ཉག་རོང་གི་སྒྲོག་འུ་ཞེས་པའི་ས་ཆ་མ་གཏོགས་བཤད་ཤེས་མཁན་ཆེར་མེད།  སྤྱིར་ན་གནའ་སྔ་མོ་ཉག་རོང་དང་བྲག་འགོ་བཅས་མི་ཉག་གི་མངའ་ཞབས་ཡིན་ན་ཡང་སྤྱི་ལོ༡༨༦༥ལོ་ནས་བཟུང་སྟེ་ཉག་རོང་ཉག་རྐེད་མགོན་པོ་རྣམ་རྒྱལ་ལམ་བུ་ལོང་མས་མི་ལས་དགུ་ལས་བྱས་ནས་མཐར་གཞན་དབང་དུ་གྱུར་པ་ཡིན་ནོ། །

ལེའུ་བཞི་པ། མི་ཉག་ལ་ཆོས་ལུགས་དར་ཚུལ།

དང་པོ། བོད་རང་གི་གདོད་མའི་ཆོས་ལུགས་དར་ཚུལ།

དེ་ཡང་དང་པོ་གཉའ་ཁྲི་བཙན་པོའི་དུས་ནས་བོན་ཆོས་དར་བ་ནི། མི་ཉག་གི་མཁས་པ་ལྕེ་ཚ་གར་དགུ་སོགས་བྱུང་བ་ལས་ཀྱང་རོབ་རམ་ཙམ་ཤེས་ཐུབ་པ་ཡིན་ཅིང་། གནའ་ནས་ད་ལྟའི་བར་དུ་བོན་པོའི་ཆོས་ལུགས་འདི་དར་རྒྱས་ཆེན་པོ་བྱུང་ཡོད། དེང་སང་ཡང་བོན་པོའི་ཆོས་ལུགས་སྒྲུབ་མཁན་གྱི་དགོན་པ་དང་མི་སེར་མང་པོ་ཡོད། ར་མཆོད་ལབ་རྩེའང་ཤིན་ཏུ་མང་པོ་བཙུགས་ཡོད། མི་དང་ས་ཆ་གྲོང་པ་བཅས་ལའང་བོན་པོའི་མིང་བཏགས་ཡོད་པ་དཔེར་ན། མིའི་མིང་ལ་བོན་པོ་བཀྲ་ཤིས་ཞེས་པ་དང་། གཡུང་དྲུང་ཚེ་བརྟན་དང་གཡུང་དྲུང་ལྷ་མོ་ཞེས་པ་ལྟ་བུ་དང་། ས་ཆའི་མིང་ལ་དར་མདོ་རྫོང་གི་བོན་པོ་གཤིས་ལྟ་བུ། གྲོང་པའི་མིང་ལ་བརྒྱད་ཟུར་རྫོང་གི་བོན་པོ་གྲོང་ཞེས་པ་སོགས་མང་པོ་ཞིག་ད་ལྟ་ལའང་ཡོད་པས་དེ་ཙམ་གྱིས་འཐུས་པར་བྱས་སོ། །སྤྱིར་བོན་དགོན་མང་པོ་ཞིག་མེད་པར་གྱུར་ཟིན་ནའང་། ད་སྐབས་ཀྱང་བོན་དགོན་མང་པོ་ཞིག་ཡོད་པ་གཤམ་གསལ། རྟའུ་རྫོང་གི་མངའ་ཞབས་སུ་ཡོད་པའི་བོན་པོའི་དགོན་པ་བསམ་འགྲུབ་དགོན་དང་། དམ་པ་རང་གྲོལ་དགོན་པ། ཆུ་མིག་དགོན་པ། ལྟི་རུ་ཆ་དགོན་པ། ཇོ་ལོ་སྣ་དགོན་པ། འོད་སྐུ་དགོན་པ། གྷི་ལ་དགོན་པ་བཅས་ཡིན། དར་མདོ་རྫོང་གི་མངའ་ཁུངས་ཀྱི་བོན་པོའི་དགོན་པ་སྐུང་ཡུལ་གྱི་དྲེལ་ལོག་དགོན་པ། མགོ་ཐུམ་གྱི་འཕང་མདའ་དགོན་པ། ལ་རྒྱབ་དགོན་པ་བཅས་དང་། ཉག་ཆུ་རྫོང་གི་ཐང་སྒང་དགོན་པ། འདུ་ར་དགོན་པ་བཅས་དང་། བརྒྱད་ཟུར་རྫོང་གི་རི་བོ་ལྷ་ཁང་དང་། འབྲས་ལུང་དགོན་པ། གནས་ཆེན་བྱི་བ་སྟག་རྩེ་དགོན་པ། ས་ལེ་བོན་དགོན་པ། དམུ་རྡོ་ཀ་མེད་དགོན་པ་སོགས་ནི་མི་ཉག་གི་བོན་གྱི་དགོན་པ་གྲགས་ཅན་རྣམས་ཡིན་ནོ། །བོན་པོ་ཆོས་ལུགས་ཞེས་པ་དེ་མི་ཤེས་མེད་འགའ་རེས་བལྟས་ན་ཤིན་ཏུ་ངན་པ་ཞིག་ཡིན་པའང་མཐོང་སྲིད། དེ་འདྲ་ངན་པ་དང་སྡུག་པོ་ཞིག་མིན་ཏེ། རྒྱུ་མཚན་ནི་གནའ་ནས་ད་ལྟའི་བར་དུ་བོད་རང་གི་མེས་པོའི་ཆོས་ལུགས་ཡིན་པར་མ་ཚད། བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་ཆེས་མཁས་པ་ཐུའུ་བཀན་ཆོས་ཀྱི་ཉི་མས། བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད། །འཆར་བའི་ལམ་ཡང་འཆའ་བར་གཤེན་ལུགས་ཀྱི། །སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ། །བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང་། །ཞེས་དང་། བཀའ་ཐང་ལས། དེ་ནས་གསང་བདག་དྲན་པ་ནམ་མཁའ་ཉིད༔ བོན་ཆོས་འཇུག་སྒོ་མ་འགག་གཡུང་དྲུང་ཀློང་༔ བོན་དང་ཆོས་སྡེ་ཕྱོགས་རིས་མེད་པར་སྐྱོང་༔ གང་འདུལ་འཕྲིན་ལས་རྗེས་ཆགས་འགྲོ་ལ་དགོངས༔ ཞེས་དང་། འབྲུག་པ་ཀུན་ལེགས་ཀྱིས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། །གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད། །ཅེས་དང་།  རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མས། ཆོས་དང་བོན་གཉིས་འགལ་བའི་ཚད་བྱེད་ཀྱང་། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མིག་ལྡན་བདག་ལྟ་བུས། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །ཅེས་དང་། བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི། །བོན་ལྟར་གྱེར་ལ་དགའ་ཞིང་གཏོ་ཐབས་སོགས། །བོན་གྱི་བཅོས་ཀས་ཕན་པ་ཀུན་གྱིས་ཤེས། །ཞེས་པ་སོགས་ལས་ཀྱང་ཤེས་པར་བྱ་དགོས་ཤིང་། ད་ལྟའི་དུས་སུ་ས་ཆ་འགའ་རེ་ལ་བོན་པོའི་ཆོས་ལུགས་མ་གཏོགས་གཞན་གྱི་ཆོས་ལུགས་གཏན་ནས་མི་དར་སའང་མང་པོ་ཡོད་པ་ཡིན་ནོ། །

གཉིས་པ། མི་ཉག་ལ་སངས་རྒྱས་ཆོས་ལུགས་དར་ཚུལ།

དེ་ཡང་རྗེས་སུ་གངས་ཅན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སངས་རྒྱས་ཆོས་ལུགས་དབུ་བརྙེས་སྐབས་སུ། མི་ཉག་གི་ཡོངས་རྫོགས་རབ་དགའི་ལྷ་ཁང་བཞེངས་པ་ལས་ཀྱང་ཤེས་ཐུབ་པ་ཡིན་ཞིང་། དེ་ནི་དེང་སང་གི་དར་མདོ་རྫོང་གི་ལྷ་སྒང་དགོན་པ་ཡིན་ཅིང་། དེ་རྗེས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཅན་གྱི་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་ལ་དར་ནས། ལོ་ཆེན་བཻ་རོ་ཙ་ན་དང་། གཡུ་སྒྲ་སྙིང་པོ། གནུབས་ཆེན་སངས་ཡེ་ཤེས། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་མི་ཉག་གི་ས་ཆར་བྱོན་ནས་སྔ་འགྱུར་རྙིང་མའི་ཆོས་དར། ཁོང་ཚོ་གནས་རི་སོགས་སུ་མཚམས་ལ་བཞུགས་སའི་སྒྲུབ་ཕུག་དང་། མཆོད་རྟེན། ཚ་ཆུ་། ཕྱག་རྗེས་དང་ཞབས་རྗེས། གཞི་བདག་གི་བསང་ཡིག་སྣ་ཚོགས། གནས་ཡིག་རྙིང་པ། རི་ཁྲོད་དང་རྫ་ཁྲོད། ལ་མགོ་སོགས་ལ་བཞུགས་ཤུལ། དམངས་ཁྲོད་ཀྱི་གཏམ་རྒྱུད་བཅས་མང་པོ་མཐོང་ཐོས་གྱི་ཡུལ་དུ་གྱུར་ཡོད་པ་ཡིན་ལ། མི་ཉག་ཏུ་སངས་རྒྱས་ཆོས་ལུགས་འཕེལ་རྒྱས་ཆེན་པོ་ཞིག་སོང་ནས་ཆོས་ཀྱི་སློབ་གསོ་རྒྱ་ཆེན་པོ་བྱས་ཏེ་མི་མང་པོ་གསོ་བསྐྱངས་བྱས་ཡོད་པ་དཔེར་ན། མི་ཉག་གི་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་རྒྱ་གར་དུ་བཞུགས་ནས་དཔལ་ནཱ་ལེནྡྲའི་མཁན་པོ་ལོ་ཉི་ཤུ་རྩ་གསུམ་མཛད་ཅིང་། དུས་མཚུངས་སུ་རྒྱ་གར་རྡོ་རྗེ་གདན་དུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཚབ་ལ་ལོ་ཉི་ཤུ་ཙམ་བཞུགས་ཡོད་པ་གཙོ་བོ་བྱས་ཤིང་། རྗེས་སུ་མི་ཉག་མཁས་པ་མི་ལྔའམ་མི་དྲུག་དང་དགེ་ལྡན་ཁྲི་པ། མི་ཉག་གྲུབ་ཆེན་རྣམ་གསུམ་སོགས་མཁས་པ་རིམ་བྱོན་དུ་མ་ཡོད་ཅིང་། དེ་དག་ལས། རྙིང་མ་པ་དང་ས་སྐྱ་པ། དགེ་ལུགས་པ། བཀའ་བརྒྱུད་པ་བཅས་ཀྱི་ཆོས་ལུགས་པ་ཚོས་བསྟན་པ་སྤེལ་ཆེད་དུ་དགོན་པ་བཏབ་པ་རྣམས་གཤམ་གསལ། དང་པོ་སྔ་འགྱུར་རྙིང་མའི་དགོན་མིང་གི་སྐོར། རྟའུ་རྫོང་གི་མངའ་ཞབས་ཀྱི་བདེ་ཆ་དགོན་པ་དང་། ཤར་རོང་བྲག་ཐོག་དགོན་པ། རྒྱལ་འཕགས་དགོན་པ། སྐྱིད་སྣང་དགོན་པ། རྭ་ཤེལ་དགོན་པ། སྐུ་ནུབ་དགོན་པ། ལའུ་ཐང་དགོན་པ། དཀར་ཆོས་དགོན་པ། གཡུ་མཁར་དགོན་པ། གནས་ཞོགས་དགོན་པ། ཁུ་ཁྱུ་རྡོ་རྔའི་དགོན་པ། བེ་ལོ་རི་ཁྲོད། སྲིབ་ལུང་དགོན་པ་བཅས་ཡིན། དར་མདོ་རྫོང་གི་མངའ་ཞབས་ཀྱི་རྡོ་རྗེ་བྲག་དགོན་པ་དང་། བྲག་མཁར་དགོན་པ། སྙ་ལམ་དགོན་པ། སེང་གེ་དགོན་པ། དཔལ་རིས་དགོན་པ། བ་གནས་དགོན་པ།  རཱ་ཏི་དགོན་པ། གླག་ཐ་དགོན་པ། ར་ལུ་དགོན་པ་བཅས་ཡིན། ཉག་ཆུ་རྫོང་གི་མངའ་ཞབས་ཀྱི་བེ་ཟུར་དགོན་པ། སྤུ་པ་རོང་དགོན་པ། སྨིན་གྲོལ་དགོན་པ་བཅས་ཡིན། གཉིས་པ་ཆོས་བརྒྱུད་ས་སྐྱ་པའི་དགོན་པ་རྟའུ་རྫོང་གི་མངའ་ཞབས་སུ་ཡོད་པའི་ས་མཁར་དགོན་པ་དང་། དར་མདོ་རྫོང་གི་ལྷ་སྒང་དགོན་པ། ཕྱུག་མོ་དགོན་པ། རི་ཁུད་དགོན་པ། བཀའ་བཞི་དགོན་པ། སི་ཧུ་རོང་གི་སིའུ་དགོན་པ། ཁམས་གསུམ་གྲགས་དགོན་པ། ཁུ་འབྱོར་དགོན་པ། ཐང་དཀར་དགོན་པ།  རྗེ་བཙུན་འགག་དགོན་པ། སྐྱེད་ཚལ་དགོན་པ། གནས་ཆེན་ཕོ་བྲང་ལྔ་བརྩེགས་དགོན་པ།  མགོ་ཐིམ་མམ་འགུ་ཐང་འབྱང་ཆུབ་དགོན་པ་བཅས་དང་། ཉག་ཆུ་རྫོང་གི་མངའ་ཞབས་ཀྱི་ཐུབ་པ་དགོན་པ་དང་། མདོ་སྟོད་དགོན་པ། མཚོ་སྔོན་དགོན་པ། རི་ལོགས་དགོན་པ། ལྷ་འབྲི་དགོན་པ། རི་སློ་དགོན་པ། གཟིངས་འགུལ་དགོན་པ། སྦྱར་བ་དགོན་པ། འདྲ་ཡར་ལྡན་དགོན་པ། ལས་སྨོན་དགོན་པ། དགོན་མཛོད་དགོན་པ་བཅས་དང་། བརྒྱད་ཟུར་རྫོང་གི་དཔལ་གྱི་ཨཱ་ར་དགོན་པ། ལེགས་སྨོན་དགོན་པ། ཉན་གྲས་དགོན་པ། མུ་ལི་རྫོང་གི་མངའ་ཞབས་ཀྱི་བདེ་ཡངས་དགོན་པ་བཅས་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་མི་ཉག་ཏུ་བྱོན་སྐབས་ཁོང་གིས་བཏབ་པའི་དགོན་པ་རྣམས་ཡིན་ནོ། །

གསུམ་པ་ཆོས་བརྒྱུད་རི་བོ་དགེ་ལུགས་པའི་དགོན་པ་རྟའུ་རྫོང་གི་མངའ་ཞབས་ན་ཡོད་པ་རྣམས་ཀྱི་དགོན་མིང་ནི་རྟའུ་ཉ་མཚོ་དགོན་པ་དང་། མགར་ཐར་དགོན་པ། ཀ་གཤིས་ཆ་དགོན་པ།(ཀ་བཞི་ཆ་ཞེས་པ་ནི་སྒྲ་ཟུར་ཅུང་ཟད་ཉམས་པ་ཡིན་དེའི་སྒྲ་དངོས་ནི་ཀ་གཤིས་ཆ་ཞེས་བྱ་སྟེ་རི་ཞོལ་ཐོག་ཅེས་པའི་དོན་ཡིན་ཞེས་སྨུག་རོང་གི་ལོ་རྒྱུས་ཀྱི་ལྡེབ་མ་༢པ་ལ་གཟིགས་དང་ཤེས་པར་འགྱུར་རོ། །)སྔགས་སྒང་དགོན་པ། འདྲ་གདུགས་དཀར་དགོན་པ། འདྲ་ཁ་ཐོག་དགོན་པ། བྲག་དཀར་ཇོ་མོ་དགོན་པ། ཆ་སྤུ་འགོ་ཇོ་མོ་དགོན་པ་བཅས་དང་། དར་མདོ་རྫོང་གི་ལྔ་མཆོད་དགོན་པ་དང་། ལྷ་མོ་རྩེ་དགོན་པ། སྐྱིད་ལེགས་དགོན་པ། གནས་མགོ་དགོན་པ། འགི་བ་ཁ་དགོན་པ་བཅས་དང་། ཉག་ཆུ་རྫོང་གི་བཀྲ་ཤིས་དགོན་པ། སྤང་གདོང་དགོན་པ། དགོན་གསར་དགོན་པ། གཙང་ཤུལ་དགོན་པ། སོག་ལོག་དགོན་པ། བྲག་དཀར་དགོན་པ་བཅས་དང་། བརྒྱད་ཟུར་རྫོང་གི་བརྒྱད་ཟུར་དགོན་པ་བཅས་དང་།

མུ་ལི་བོད་རིགས་རང་སྐྱོང་རྫོང་གི་མངའ་ཞབས་ཀྱི་མུ་དགོན་པའི་མིང་།

དགའ་ལྡན་བཤད་སྒྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་དང་། ཁམས་བདེ་བ་ཅན་བསོད་ནམས་དར་རྒྱས་གླིང་། ལྷ་གདན་ཐུབ་བསྟན་དར་རྒྱས་གླིང་། བཀའ་དགེ་བཀྲ་ཤིས་ཆོས་གླིང་དགོན་པ། འཁོར་བཟང་བཀྲ་ཤིས་གླིང་དགོན་པ།  ཁོ་ར་བྱང་ཆུབ་གླིང་གསར་དགོན་པ། དཔལ་ལྡན་ཡིད་གསལ་དགོན་པ། འོད་ཏོག་དགོན་པ། རྐང་རབ་རྒྱས་དགོན་པ། ས་དཀར་ཡུལ་དགོན་པ། གདན་གྲགས་དགོན་པ། རིན་འབྱུང་བསམ་གཏན་གླིང་། ལེགས་པ་དགའ་ལྡན་དར་རྒྱས་གླིང་། དཔའ་རི་དགོན་བྱམས་པ་གླིང་། སྟོད་ལུང་ཕུན་ཚོགས་དར་རྒྱས་གླིང་། ཝ་ཤེར་བསམ་གཏན་ཆོས་འཁོར་གླིང་། འཁོར་ལྡན་ཐུབ་བསྟན་དར་རྒྱས་གླིང་། གངས་རི་དགའ་ལྡན་བསམ་གཏན་གླིང་། ཝ་ཤེར་དགའ་ལྡན་བསྟན་པ་དར་རྒྱས་གླིང་། དགྲ་མེད་དགའ་ལྡན་ཐུབ་བསྟན་དར་རྒྱས་གླིང་། སྔོན་ཆད་བཀའ་བརྒྱུད་པའི་དགོན་པ་ཡིན་ཡང་ཕྱིས་སུ་རྒྱལ་དབང་ལྔ་པ་རིན་པོ་ཆེ་དར་མདོ་ལ་བྱོན་ནས་ཡུན་རིང་བཞུགས་སྐབས། ལྔ་མཆོད་དགོན་པ་སོགས་མི་ཉག་གི་དགོན་པ་མང་པོ་ཞིག་སྐབས་དེར་དགེ་ལུགས་པར་བསྒྱུར་བ་རེད་ཅེས་མི་ཉག་གི་མཁས་པ་ཚོས་བཤད་ཡོད་པ་ལྟར་འདིར་བཀོད་པ་ཡིན་ནོ། །བཞི་པ་ཆོས་བརྒྱུད་བཀའ་བརྒྱུད་པའི་དགོན་པ་དེང་སང་དར་མདོ་རྫོང་གི་མངའ་ཞབས་སུ་ཡོད་པ་རྣམས་ནི་གངས་དཀར་དགོན་པ་དང་། ཉག་ཆུ་རྫོང་གི་ཕག་མོ་རི་དགོན་པ། སྡིག་དག་དགོན་པ། རྣམ་རྒྱལ་དགོན་པ་བཅས་མ་གཏོགས་ད་སྐབས་ཆེར་མེད་ཀྱང་། གནའ་སྔ་མོ་ཞིག་ལ་བཀའ་བརྒྱུད་པ་དང་བཀའ་གདམས་པའི་བླ་མ་མང་པོ་བྱོན་ནས་དགོན་པ་དང་རི་ཁྲོད་བཏབ་པ་དེང་སང་ལའང་རྫ་ཁ་དང་ལ་ཁ་བཅས་ན་དགོན་ཤུལ་ཤིན་ཏུ་མང་པོ་ཡོད་དོ། །

དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་དགོན་པའི་མིང་།

སྟག་ལུང་དགོན་པ།      འབྲི་གོང་དགོན་པ།  མཆོད་རྟེན་ཐང་དགོན་པ།    རབ་རྒྱས་དགོན་པ།   ཞྭ་དམར་དགོན་པ།      

(ཞྭ་དམར་དགོན་པ་དེ་སྔོན་ཆད་རྙིང་མ་བ་ཡིན་ཡང་རྗེས་སུ་དགེ་ལུགས་པར་བསྒྱུར་བར་བཤད།) དེ་མིན་དགོན་པ་ཚང་མ་དགེ་ལུགས་པའི་ཆོས་རྒྱུད་ཡིན་ནོ།  །

བདེ་ཆེན་བོད་ཁུལ་གྱི་གྲུབ་མཐའ་འམ་ཆོས་བརྒྱུད་སོ་སོའི་དགོན་པའི་མིང་།

རྙིང་མ་བའི་དགོན་པ་ནི། ལྷུན་འགྲུབ་འོད་ཟེར་ཨོ་རྒྱན་གླིང་དང་།  ཨོ་རྒྱན་མཐར་ཕྱིན་གླིང་། རང་སངས་འཕེལ་རྒྱས་གླིང་དགོན་པ་བཅས་སོ།  །

དགེ་ལུགས་པའི་དགོན་པ་ནི། དགའ་ལྡན་སུམ་རྩེན་གླིང་དང་། ཡོན་ཏན་ཕུན་ཚོགས་གླིང་། བཀྲ་ཤིས་རྣམ་དག་གླིང་།  བཀྲ་ཤིས་བསམ་གཏན་གླིང་། དགའ་ལྡན་དོན་འགྲུབ་གླིང་། དགའ་ལྡན་བདེ་ཆེན་གླིང་། དགའ་ལྡན་ཐར་པ་གླིང་།  དགའ་ལྡན་གཡང་པ་ཅན་གླིང་། མགོན་པོ་བཤད་བསྒྲུབ་གླིང་། ངག་དབང་ཕུན་བདེ་གླིང་། བཀྲ་ཤིས་ཐེག་ཆེན་གླིང་།  ཚེས་སྨོན་དཔལ་ལྡན་གླིང་།  བཀྲ་ཤིས་རྣམ་རྒྱལ་གླིང་།  བཀྲ་ཤིས་ཆོས་འཕེལ་གླིང་།  བཀྲ་ཤིས་ཡེ་ཤེས་གླིང་དགོན་པ་བཅས་སོ།  །

བཀའ་བརྒྱུད་པའི་དགོན་པ་ནི། ཡུལ་གསར་གསང་སྒྲུབ་དགོན་དང་།  ཡུལ་སྒང་བཀྲ་ཤིས་ཆོས་འཕེལ་གླིང་།

དཀྲ་ཤིས་རབ་རྒྱས་གླིང་།  བཀྲ་ཤིས་དར་རྒྱས་གླིང་།  བཀྲ་ཤིས་ཆོས་འཕེལ་གླིང་།  བཀྲ་ཤིས་རབ་བརྟེན་གླིང་ གི་དགོན་པ་བཅས་སོ།  །འདི་ཕྱོགས་ལ་གནའ་སྔ་མོ་བོན་པོ་དགོན་པ་མང་པོ་ཡོད་པར་བཤད་ཀྱང་དེང་སང་ནི་ཕལ་ཆེར་མེད་པ་འདྲའོ།།

 འཇང་ས་དམ་(丽江)རྒྱལ་པོའི་གྲོང་ཁྱེར་གྱི་དགོན་པ་རྣམས་ཀྱི་མིང་།

ཐར་ལམ་དགའ་ལྡན་ཐེག་ཆེན་གླིང་དང་།( 扎美寺)ཐར་ལམ་མཛེས་འབུམ་དར་རྒྱས་གླིང་།( 达迦林寺)དགའ་ལྡནརྩེ་དགོན་པ།(格登姿寺)དགའ་གནས་ཧོར་དགོན་པ།(尼佛贡巴寺)

རི་བོ་མཆོག་གླིང་དགོན་པ།(确吉的来寺)ས་ཡག་དགོན་པ།(萨雅寺)ཐུགས་རྗེ་ལྷ་ཁང་།(松坪寺)

རྒྱ་མཚོ་གླིང་དགོན་པ་།(媳娃俄寺)ལེའུ་འབུམ་དགོན་པ།(里务比寺)ཀརྨ་རྣམ་རྒྱལ་གླིང་།(指云寺

)བཀྲ་ཤིས་ཕུན་ཚོགས་གླིང་།(玉峰寺)གསང་སྔགས་དགའ་ཚལ་གླིང་།(文峰寺)ཕུན་ཚོགས་གླིང་དགོན(普济寺)པ་བཅས་སོ། །

ཡུན་ནན་ཞིང་ཆེན་གྱི་བསང་ལྕང་ཁུལ་གྱི་དགོན་པའི་མིང་།

བཀྲ་ཤིས་མི་འགྱུར་བདེ་ཆེན་རབ་བརྟན་གླིང་།(普化寺)བཀྲ་ཤིས་མི་འགྱུར་བདེ་ཆེན་རབ་བརྟན་གླིང་ནི་ནུའུ་ཅིང་ལེ་སུའུ་རིགས་རང་སྐྱོང་ཁུལ་ཀོང་ཧྲན་ཏུའུ་ལུང་རིགས་རང་སྐྱོང་རྫོང་སྤང་གྲོང་རོང་ཞང་འཇའ་སྲུང་སྡེ་པར་ཆགས་ཡོད་ཅིང་། དགོན་པའི་སྤྱིའི་ས་ཁྱོན་ལ་སྨི་གྲུ་བཞི་མ༣༧༨༨.༦༩དང་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༦༦༤.༤༨ཡོད། བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན།  མིག་སྔར་དགོན་པའི་ནང་སྤྲུལ་སྐུ༡དང་དགེ་འདུན་པ༤༢བཞུགས་སོ།  །

ཡུན་ནན་ཞིང་ཆེན་གྱི་ལྟེ་བ་ཁུན་མིན་གྲོང་ཁྱེར་གྱི་དགོན་པའི་མིང་།

པངྨའི་ལྡིང་ཁང་།(莲花精舍)

པངྨའི་ལྡིང་ཁང་ནི་ཁུན་མིན་གྲོང་ཁྱེར་དབུ་ཧྭ་ཆུས་ཡོན་ཐོན་ལམ་ན་ཆགས་ཡོད། འདི་ནི་ཁུན་མིན་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་ཀྱིས་བྱེད་སྒོ་སྤེལ་ས་ཆེ་ཤོས་ཞིག་ཡིན།

ཡུན་ནན་ནང་བསྟན་སློབ་གླིང་།(云南佛学院)

ཡུན་ནན་ནང་བསྟན་སློབ་གླིང་ནི་ཁུན་མིན་གྲོང་ཁྱེར་ཨན་ཉིན་རྫོང་ཝིན་ཁྱིན་གྲོང་རྡལ་གྱི་ཡུལ་ལྗོངས་ལྟ་ན་སྡུག་པའི་རི་གསེབ་ཞིག་ཏུ་ཆགས་ཡོད། སྤྱི་ལོ༡༩༩༧ལོར་འཛུགས་བསྐྲུན་བྱས་པ་ཡིན། ༢༠༠༤ལོ་ནས་བཟུང་སློབ་མ་སྡུད་མགོ་བཙུགས། སློབ་གླིང་འདིའི་ནང་དུ་ནང་བསྟན་ལྷོ་བརྒྱུད་དང་། རྒྱ་དང་བོད་བརྒྱུད་ནང་བསྟན་སོགས་རིམ་པ་ཅུང་མཐོ་བའི་རྒྱལ་གཅེས་པ་ཆོས་དད་ཅན་གྱི་གྲྭ་བཙུན་སྐྱེད་སྲིད་བྱེད་སའི་ནང་བསྟན་སློབ་གྲྭ་ཞིག་ཡིན་ནོ། །

ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་།

(云南佛学院迪庆藏传佛教分院)

ཡུན་ནན་ནང་བསྟན་སློབ་གླིང་ནི་བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་ཁང་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་ཆགས་ཡོད། སྤྱི་ལོ༢༠༠༧འཛུགས་བསྐྲུན་བྱས་པ་ཡིན། སློབ་གླིང་གིས་རང་ཞིང་ཆེན་གྱི་རྒྱལ་གཅེས་པ་དང་ཆོས་དད་ཅན་གྱི་བོད་བརྒྱུད་ནང་བསྟན་པའི་གྲྭ་བཙུན་སྐྱེད་སྲིང་བྱེད་བཞིན་ཡོད་དོ།  །

  གཞན་ཡང་བཀའ་གདམས་པ་དང་ཇོ་ནང་པ། ཞི་བྱེད་པ་བཅས་ཀྱི་གྲུབ་མཐའམ་ཆོས་བརྒྱུད་ཀྱི་བསྟན་པ་སྤེལ་སའི་དགོན་པ་ནི་མི་ཉག་ཏུ་སྔོན་ཆད་དར་ཁྱབ་བྱུང་མེད་པ་འདྲ་སྟེ། རྒྱུ་མཚན་ནི་དེང་སང་དགོན་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པས་སོ། །ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་སྐྱོད་རྡོ་རྗེ་དང་སྐུ་ཕྲེང་ལྔ་པ་དང་དྲུག་པ་སོགས་མི་ཉག་ཏུ་བྱོན་ནས་ཡུན་རིང་བཞུགས་ནས། མི་ཉག་ལ་འགྲོ་དོན་རྒྱ་ཆེན་པོ་མཛད་ཡོད་པའི་ལོ་རྒྱུས་མང་པོ་ཡོད་ཀྱང་འདིར་ཡི་གེ་མང་བར་དོགས་ཏེ་མ་བྲིས་སོ། །

གསུམ་པ། མི་ཉག་གི་མཁན་པོ་འགའི་མཚན་ཐོ།

དེ་ཡང་མི་ཉག་གི་དེང་བཞུགས་ཀྱི་མཁན་པོ་སྐོར་ཞིག་གི་མཚན་ཐོ་རྣམས་གཤམ་གསལ། སྙ་ལམ་མམ་སྙན་ལམ་དགོན་པའི་མཁན་པོ། གུ་རུ། དབང་ཆེན། འཇིགས་བྲལ། འཇམ་དབྱངས་བློ་གྲོས། རིག་ཁོ། དབང་ལོ། ཚེ་རྡོར། སེང་གེ། དགེ་དཔལ། ཚེ་རིང་རྒྱ་མཚོ་བཅས་དང་། ལའུ་ཐང་དགོན་པའི་མཁན་པོ། གང་བསམ་ལྷུན་གྲུབ། ཤོང་འདུས། གཡུ་ཁོག་བའི་མཁན་པོ། ནོར་བུ། ཚེ་བསོད། དཔལ་འབྱོར་ཕུན་ཚོགས། ཚེ་རིང་ཉི་མ། ལྕམ་པ་སྟོད་པའི་མཁན་པོ། པདྨ་བཀྲ་ཤིས། མདོ་སྡེ། དགེ་བསོད། སོག་རག་མའི་མཁན་པོ། ཆོས་ཉིད་རྡོ་རྗེ། སྐུ་ནང་བའི་མཁན་པོ། ཐུབ་བློ། ར་ལི་སྟོད་པ་སྨོན་འདུན་དགོན་པའི་མཁན་པོ། ཚེ་རིང་དཔལ་འབྱོར། རྟའུ་བའི་མཁན་པོ། ཕུན་ཚོགས། ར་ལི་སྨད་པའི་མཁན་པོ། ཆོས་འཕེལ། ནང་སྐོར་མའི་མཁན་པོ། ཐུབ་ཆོས། བྲག་མཁར་དགོན་པའི་མཁན་པོ། བསྟན་འཛིན་བཟང་པོ་བཅས་དང་། གཞན་ཡང་གོ་རོ་མའི་མཁན་པོ། བློ་ཆོས་དང་། ཚེ་པོས། ཚེ་རིང་རྒྱ་མཚོ་བཅས་དང་། ནགས་ལུང་མའི་མཁན་པོ་རྩྭ་ར་བཀྲ་ཤིས།  རྒྱ་རི་བློ་རྒྱམ།   རྒྱ་རི་མདོ་སྔགས་སོགས་མི་ཉག་ཆོས་གྲགས་བཤད་གྲྭ་དང་གསེར་རྟ་བླ་རུང་སྒར་ནས་སློབ་མཐར་ཕྱིན་པའི་མཁན་པོ་ཆེ་གྲས་རྣམས་འདིར་མཚོན་བྱེད་ཙམ་བྲིས་པ་ཡིན་མ་གཏོགས་ད་དུང་མི་ཉག་ལ།  ས་དགེ་རྙིང་གསུམ་དང་། བཀའ་འབྲུག་བོན་གསུམ་སོགས་ཀྱི་དགེ་བཤེས་དང་མཁན་པོ་མཁན་མོ། ཁྲི་པ། གྲུབ་ཐོབ།  སྤྲུལ་སྐུ། གཏེར་སྟོན།  རྩིས་པ།  སྨན་པ། ལྷ་བཟོ།  གྲྭ་པ།  རྩོམ་པ་པོ་སོགས་ཤིན་ཏུ་མང་པོ་ཡོད་པས་འདིར་རེ་རེ་ནས་འབྲི་མ་ཐུབ་པས་དགོངས་དག་ཞུ་རྒྱུ་ཡིན། འདིའི་རྒྱུ་ཆ་རྣམས་ནི་ལྕམ་པ་སྟོད་པའི་སྒོ་སྤུས་ཀྱི་རྩོམ་མཁན་པདྨ་དབང་ཆེན་གྱིས་ཁོ་བོ་ལ་མཁོ་འདོན་བྱས་པ་ལྟར་འདིར་མཚོན་བྱེད་ཙམ་བྲིས་པ་ཡིན་ནོ། །

བཞི་པ།  ཆོས་ལུགས་པ་རྣམས་ལ་རེ་ཞུ་བྱེད་རྒྱུ།

དེ་ཡང་འདིར་ཁོ་བོས་རེ་བ་ཞུ་རྒྱུ་གཙོ་བོ་ནི་རྗེས་སུ་བོད་ས་ཆའི་བླ་སྤྲུལ་རྣམ་པས་གྲུབ་མཐའམ་ཆོས་བརྒྱུད་བོན་པོ་དང་བན་དེའི་སངས་རྒྱས་ཆོས་ལུགས་ཀྱི་ནང་གསེས་གང་དང་གང་སྤེལ་མཁན་ཞིག་ཡིན་ནའང་དེའི་ཆོས་བརྒྱུད་དེ་ཆོས་བརྒྱུད་གཞན་ཞིག་ལ་མི་བསྒྱུར་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་སྙམ། ང་ཚོའི་ཉམས་མྱོང་ལོན་པ་ལྟར་ན་ཆོས་བརྒྱུད་དེ་བསྒྱུར་ན། རྗེས་སུ་མི་ཚང་མ་ལ་མཐུན་སྒྲིལ་མེད་པར་འགྱུར་བ་དང་། རྡོག་རྩ་གཅིག་སྒྲིལ་མེད་པ། རང་འདོད་དང་ཕྱོགས་རེས་ཆེ་བ། ལུང་པ་དེའི་མི་རྣམས་ཀྱི་སེམས་དེ་མི་ཚེ་མང་པོར་སྡུག་བསྔལ་ལ་སྤྱོད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས། འདིར་ང་རང་གིས་མང་པོ་ཞིག་བཤད་རྒྱུ་མ་འཚམས་པས་ཞུས་པ་མིན་ཞིང་། དེ་ལུགས་ཆོས་ལུགས་པ་ནུས་པ་ཆེན་པོ་ཡོད་མཁན་ཚོས་ཐུགས་འཇགས་རེ་མཛད་རྒྱུ་དགོས་གལ་ཆེན་པོ་རེད། སྤྱིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དོན་སྙིང་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་དགོས་རྒྱུ་དེ་གཙོ་བོ་བཤད་ཡོད་པས། འདིར་ཁོ་བོས་ཀྱང་དེ་ལུགས་ཀྱིས་ཞུ་དགོས་བྱུང་བ་ཡིན་ནོ། །ཞར་བྱུང་ཆོས་ལུགས་པ་བསྟན་པ་དང་སེམས་ཅན་ལ་ལྷག་བསམ་ཁྱད་པར་ཅན་འགའི་མཚན་ཐོ། འགེ་བ་ཁའི་དགེ་བཤེས་ཚེ་རིང་དབང་ཕྱུག་དང་། མགར་ཐར་སྤྲུལ་སྐུ་འཇིགས་མེད་རྣམ་རྒྱལ་དང་ཡོན་ཏན་བཅས་དང་།  སི་ཧུ་རོང་གི་མཁན་པོ་འདུལ་བ་རྒྱ་མཚོ། དགེན་བསོད་ནམས་དཔལ་ལྡན། སྤྲུལ་སྐུ་པདྨ་དབང་རྒྱལ་། སྤྲུལ་སྐུ་དར་རྒྱས། སྤྲུལ་སྐུ་བུ་ཕྲུག དགེན་ཕུན་ཚོགས། མི་ཉག་བཤད་གྲྭའི་སློབ་གཙོ་ཨ་ཁུ་པད་ལོ། འོ་ཚང་གི་བླ་མ་ཡོན་ཏན། མཁས་པ་པདྨ་དབང་ཆེན་སོགས་བསྟན་པ་དང་སེམས་ཅན་ལ་བྱས་རྗེས་ཅན་དུ་མ་ཡོད་པ་ཡིན་པས་འདིར་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་པ་ཡིན་ནོ།  །

ལེའུ་ལྔ་པ།   སྲིད་འབྱོར་རིག་གསུམ་གྱི་སྐོར།

མི་ཉག་གི་ཆབ་སྲིད།

དེ་ཡང་གནའ་སྔ་མོ་མི་ཉག་སི་ཧུ་རྒྱལ་པོས་ལོ་དུ་མའི་རིང་ལ་མི་ཉག་སྔ་མ་དང་ཕྱི་མ་གཉིས་ཀྱི་ཆབ་སྲིད་ཡུན་རིང་པོ་བསྐྱངས་བར་མ་ཚད།   རྒྱ་ནག་གི་སིང་རྒྱལ་རབས་སྐབས་སུ་ལོ་བརྒྱ་དང་དགུ་བཅུའི་རིང་དབང་ཆ་བཟུང་ཞིང་དེའི་རྗེས་སུ་ལྕགས་ལ་རྒྱལ་པོས་ཀྱང་ཆབ་སྲིད་ཀྱི་དབང་ཆ་ལོ་ཡུན་རིང་ཙམ་བཟུང་ཡོད་པར་བཤད།  བོད་ཀྱི་ཡུལ་གྱལ་བའི་སྲིད་གཞུང་ཕུད་པའི་སྤྱི་ལོ༡༩༥༠ལོ་བཟུང་ཀྲུང་གོ་རྒྱལ་ཁབ་ཀྱིས་བོད་མི་ཉག་ཡོངས་ཀྱི་སྲིད་ཀྱི་དབང་ཆ་བཟུང་ནས་དེ་རིང་བར་དུ་ཆབ་སྲིད་ཀྱི་འཚོ་བ་རོལ་བཞིན་པ་ཡིན་ཞིང་།    ཏང་དང་རྒྱལ་ཁབ་ལ་བྱས་རྗེས་མ་གཏོགས་ཞབས་འདྲེན་གྱི་བྱ་བ་བྱེད་མ་མྱོང་བ་ཡིན།  རྒྱལ་ཁབ་གྱིས་ཞིང་ཆེན་རིམ་པ་དང་ས་ཁུལ་རིམ་པ།  རྫོང་རིམ་པ་ཤང་རིམ་པ་ཁག་བཅས་ཀྱི་མགོ་ཁྲིད་གསོ་སྐྱངས་བྱས་ཡོད་པ།  དཔེར་ན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཆོས་གྲགས་།གས་དང་།  སི་ཁྲོན་ཞིང་ཆེན་གྱི་དཔོན་པོ་གཞོན་པ་བློ་བཟང་ཟླ་བ།  སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་ཐིན་གྱི་མགོ་ཁྲིད་གཞོན་པ་བསོད་ནམས་ཐིན་ཀྲང་ལྟ་བུ་དང་། དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧྥོའུ་ཁེ་ནེའུ་དང་།  དཀར་མཛེས་ཁུལ་གྱི་བུད་མེད་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞིའམ་གཙོ་བཞུགས་རྨི་ལི(穆黎)དང་།  བརྒྱད་ཟུར་རྫོང་གི་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཀྲང་ཞིའུ་ཡིང་།  (张秀英) དར་མདོ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལུའོ་ཞིའུ་ཀྲེན། (罗秀珍) བོད་སྨན་ཁང་གི་མགོ་ཁྲིད་རྒན་པ་པདྨ་སྒྲོལ་དཀར་སོགས་ནི་འདིར་མཚོན་བྱེད་ཙམ་བྲིས་པ་ཡིན་མ་གཏོགས་ཚང་མ་འབྲི་དགོས་ན་འབྲི་ཚོད་མེད་པ་ཞིག་ཡོད་པ་ཡིན་ནོ།  །

མི་ཉག་གི་དཔལ་འབྱོར།

དེ་ཡང་མི་ཉག་གི་དཔལ་འབྱོར་གྱི་འོང་ཁུངས་གཙོ་བོ་ནི་ཞིང་པ་རྣམས་ཀྱི་ས་ཞིང་དང་བ་མོ་རྟ་ནོར། ཕག་དང་ར་མ། ལུག་གི་བལ་བཅས་དང་། ལས་དཀའི་གླ་ལེན་རྒྱུ་དང་། འབྲོག་པ་རྣམས་ཀྱིས་རྟ་ཟོག་དང་ར་ལུག་འཚོ་སྐྱོང་བྱས་ནས་ཡོང་དགོས་འཚོལ་རྒྱུ་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པ་ཡིན་ནོ། །

ཚོང་རྫས་ཀྱི་རྒྱུ་ཆའི་རིགས་ལ།   དབྱར་རྩྭ་དགུན་འབུ།   སུར་ཡང་ངམ་དཀར་ཆུང་།    རུ་རྟ།  གྲོ་མ།    ལྕུམ་རྩ།   བྱ་རྒོད་སུག་པ་སོགས་ཡོད། 

ལྤགས་རིགས་སྐོར་ལ། ལུག་ལྤལས།  ཚ་རུ།   ཀོ་བ།   རྐོ་འབུ།  གླ་ལྤགས།  རྣ་ལྤགས་བཅས་ཡོད།

སྤུའི་རིགས་སྐོར་ལ། ལུག་བལ་དང་།   ཁུལ།  རྩིད་པ།  ར་སྤུ།   རྔ་མའི་རིགས་དུ་མ་བཅས་ཡོད།

ཤ་མོ་རིགས་སྐོར་ལ།   བེ་ལོ་ཤ་མོ་དང་།    རྟ་ལྕི་ཤ་མོ།   འབྲུག་གྲགས་ཤ་མོ།     ཤྭ་བ་གྲོད་བུ།  ཉ ལ་ཉ་ཅོ།    བྱའུ་ཚེ་ལག་པ་བཅས་ཡོད།

མི་ཉག་གི་ཚོང་དཔོན་གྱི་མིང་ཐོ།   མ་སྐྱེས་ཨ་མའི་བོད་ཀྱི་ཞལ་ཟས་ཁང་གི་ཚོང་དཔོན་ཆེན་པོ་ཚེ་རིང་དབང་ཆེན་དང་།  སྐྱ་ཀེ་བ་ཟླ་བ་བཟང་པོ་དང་འཕྲིན་ལས་རྒྱལ་མཚན།   མི་ཉག་རྡོ་རྗེ་དོན་འགྲུབ། (མི་འདི་ནི་བོད་ཀྱི་ཐང་ག་འབྲི་རྩལ་རྡོར་ལུགས་ཀྱི་ལུགས་སྲོལ་འབྱེད་པ་པོ་ཡིན།  ཡིག་གཟུགས་འབྲི་རྒྱུ་ལ་མཁས།  ཚོང་གཉེར་ལ་དགའ།) ཚེ་དབང་ཉི་མ། རྟའུ་བ་རྒྱལ་མཚན།  རྒྱ་ཆོས་གྲགས་དང་།   ཡ་ཕུ་དོན་འགྲུབ།    ཡུན་ནན་བདེ་ཆེན་གྱི་ཚོང་པ་གྲགས་ཅན།  གྲགས་པ་དགེ་འདུན།   རྡོ་རྗེ་འགྱུར་མེད། ཟླ་བ་སྒྲོན་མ་སོགས་ལྟ་བུ་དེ་དང་དུ་འདྲ་བ་མང་པོ་ཡོད་ཀྱང་འདིར་འབྲི་ཚོད་མེད་པས་ད་ཐེངས་དེ་ཙམ་གྱིས་ཆོག་པར་བྱས་ཡོད།  གཞན་ཡང་རྗེས་སུ་མི་ཉག་གི་ཚོང་པ་སུ་དང་སུ་ཡིན་ན་ཚོང་པའི་སྤྱོད་ལམ་བཟང་པོ་ཡོད་དགོས། རྫུན་མ་དང་བཟོ་མ་བཅོས་མའི་མི་ལ་མགོ་སྐོར་གཏོང་ཐབས་ཀྱི་ཐབས་ཤེས་རྩ་བ་ཉིད་ནས་བཟོ་མི་ཉན།  སྤྱིར་ཚོང་རྒྱབ་ན་བར་ཁེ་ཟ་རྒྱུ་ཡོད་པ་གཏན་ཁེལ་ཡིན་མོད། འོན་ཀྱང་འཆམ་མཐུན་དང་འོས་འཚམ་ཙམ་ཟ་རྒྱུ་མ་གཏོགས་ཚད་གཞི་མེད་པར་མི་ལ་ཁེ་ཆེན་པོ་ཟ་མི་ཉན།   གལ་སྲིད་ཟོས་ན་ཁྱེད་རང་ལ་ནམ་ཞིག་ལ་རྐྱེན་ངན་ཞིག་དང་འཕྲད་ངེས་ཡིན་པས་རྒྱུན་དུ་གཟབ་དགོས།  གལ་ཏེ་མ་གཟབ་ནས་རྐྱེན་ངན་དང་འཕྲད་ན་སྔོན་བྱས་ལ་འགྱོད་པ་སྐྱེས་ན་དོན་མེད་ཡིན།  དང་པོ་གཟབ་དགོས།  སྤྱིར་བྱ་བ་གང་དང་གང་ཞིག་བྱེད་པ་ཡིན་ན་ཚད་གཞི་དང་མཐུན་པའམ་རན་པ་རེ་བྱེད་རྒྱུ་གལ་ཆེན་པོ་ཡིན།   གོང་བཤད་ལྟར་ཚོང་བྱས་ན་རང་གཞན་ཚང་མ་ཕན་ཡག་པོ་འཐོག་ངེས་པས་དེ་ལུགས་མཛད་རྒྱུ་གལ་ཆེ།  གོང་བཤད་དེ་དག་ནི་ཁོ་བོས་བསམ་ཚུལ་ལྟར་འདིར་བརྗོད་པ་ཡིན་པས་མི་མཐུན་ས་ཡོད་ན་དགོངས་འགལ་མེད་པར་ཞུའོ།  །

མི་ཉག་གི་རིག་གནས།

དེ་ཡང་སྤྱིར་མི་ཉག་གི་སྲོལ་རྒྱུན་རིག་གནས་གཙོ་བོ་ནི་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ཁྱོན་བསྡོམས་རིག་གནས་ཆེ་ཆུང་བཅུ་དེ་སློབ་སྦྱོང་བྱེད་ས་གཙོ་བོ་ཡིན་པས། དེའི་དོན་རྒྱས་པར་བཤད་ན། བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་རིག་པ་དང་སྒྲ་རིག་པ་གཉིས་ཀྱི་ཁུངས་དང་ཕུགས་གཏུག་ས་དངོས་ནི་མི་ཉག་རེད། གངས་ཅན་པའི་རིག་གནས་ཆུང་བ་ལྔའི་ཡ་གྱལ་བོད་རང་ཉིད་ཀྱི་ལུགས་སྲོལ་དང་མཐུན་པའི་རྩིས་དང་མངོན་བརྗོད་རིག་པའི་འགྲེལ་པ། སྡེབ་སྦྱོར་རིག་པ། ཟློས་གར་རིག་པ་བཞིའི་ཕུགས་གཏུག་སའང་མི་ཉག་གི་མཁས་པ་རྣམས་ཡིན། དཔེར་ན། རྩིས་ཀྱི་ཕུག་ལུགས་དང་མི་ཉག་བར་གྱི་འབྲེལ་བ་ཅུང་ཟད་ཞུས་ན་སྔོན་ཆད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྩིས་པ་མི་བཞིར་གྲགས་པའི་ཡ་གྱལ་ལང་ཚོ་ལྡོང་ཡགས་རིགས་ཚ་ཁམས་ལ་གཞིས་ཆགས་པའི་མི་རྒྱུད་བཞི་པ་མི་ཉག་རྒྱལ་མཚན་དཔལ་བཟང་ཞེས་པ་རྩིས་ལ་ཤིན་ཏུ་མཁས་པ་དེ་དུས་རབས་བཅུ་པའི་ཡས་མས་སུ་ཕེབས་ཏེ་གཡོར་གྲ་ནང་གི་ཕུག་པ་ཞིག་ལ་བརྟེན་ནས་བཞུགས་པ་ལས་ཕུག་པའི་མིང་གི་ཐོག་མ་དེ་ནས་ཐོགས་ཤིང་ཕུག་པ་གོང་མ་མི་ཉག་རྒྱལ་མཚན་དཔལ་བཟང་ཞེས་གྲགས། འདིའི་རྒྱུད་པའང་རྩིས་ལ་མཁས་པ་ཤ་སྟག་བྱོན་ཞིང་དུས་རབས་བཅོ་ལྔ་པའི་དུས་མགོ་ཙམ་དུ་ཡུལ་དེར་གཙང་ཆུང་ཆོས་གྲགས་རྒྱ་མཚོ་དང་། ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སྟེ་རྩིས་ལ་ཤིན་ཏུ་མཁས་པའི་ཕུག་པ་ཕྱི་མ་རྒྱ་མཚོ་རྣམ་གསུམ་བྱོན་ཏེ་རྩིས་གཞུང་པད་དཀར་ཞལ་ལུང་མ་བུ་ཆ་ལག་དང་བཅས་པ་བརྩམས་པ་ནས་བཟུང་སྟེ། གྲ་མདའ་ཕུག་པའི་ལུགས་ཞེས་ཡོངས་སུ་གྲགས་པ་དེ་བྱུང་བ་ཡིན་ནོ། །ཞར་བྱུང་གོང་ཞུས་དེ་དག་གི་རྗེས་འཇུག་མཁས་པའང་བགྲང་གིས་མི་ལངས་པ་བྱོན་ཞིང་བརྩམས་ཆོས་ཀྱང་དཔེར་ན། ཉིན་སྣང་དང་བཻ་དཀར་སོགས་ཀྱི་གཙོས་གསུང་ཆོས་ཤིན་ཏུ་མང་པོ་བརྩམས་ཡོད།

འདི་ལའང་ནང་གསེས་རྩིས་འཕྲོ་མི་འདྲ་བའི་ལུགས་དགེ་ལྡན་རྩིས་གསར་སོགས་ལུགས་འགའ་ཤས་བྱུང་སྟེ་འཕེལ་རྒྱས་ཆེན་པོ་སོང་ཡོད་པ་རྣམས་ནི་འདིར་སྐབས་སུ་མ་བབས་པས་མི་བཤད། དེ་དག་བརྒྱུད་འཛིན་པ་ཚོས་མཚུར་ལུགས་ཞེས་པ་ཞིག་གསར་དུ་སྲོལ་ཕྱེས་པ་ནི། བོད་རབ་བྱུང་བདུན་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ༡༤༢༥ལོར་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ནས་བྱེད་རྩིས་དང་གྲུབ་རྩིས་གཟའ་གནས་དྲུག་པ་ཞིག་བརྩམས། རྗེས་འཇུག་གི་མཁས་པ་དུ་མ་བྱོན་ཏེ་རྩིས་གཞུང་ཉེར་མཁོ་བུམ་བཟང་དང་ལེགས་བཤད་ཀུན་འདུས་ཀྱིས་གཙོས་རྩིས་ཡིག་འགའ་ཞིག་མཛད་དེ་ལུགས་སྲོལ་འདི་དར་རྒྱས་གོང་འཕེལ་དུ་བཏང་བ་ཡིན་ཞིང་།  གཞན་ཡང་མི་ཉག་གི་གནའ་སྒྲུང་དང་གཏམ་དཔེ།   དམངས་གླུ།   གནའ་བྲོའི་རིགས་མང་པོ་ཞིག་ཡོད་ཀྱང་འདིར་ཡི་གེ་མང་ཆེ་བ་དང་འཚོལ་བསྡུ་བྱེད་མ་ཐུབ་པ་བཅས་ཀྱིས་འབྲི་མ་ཐུབ་པས་ཚང་མ་ལ་ཐུགས་སྤྲོ་མ་བཞེས་རོགས་ཞེས་དགོངས་དག་ཞུའོ།   །གཞན་ཡང་མི་ཉག་གི་དམངས་ཁྲོད་རིག་གནས་ལ་ཆེད་མཁས་པ་གྲགས་ཅན།  དཔེར་ན།  གླུ་བྲོ་ལ་མཁས་པ་ལྕམ་པའི་གསས་ཐོ་དང་ས་བདེའི་ཚེ་པོས་བཅས་དང་།  གཏམ་བཤད་དང་བྲོ་གླུ་བཅས་ལ་མཁས་པ་ཡུན་ནན་བདེ་ཆེན་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཁ་ལོ་བ་རྨོངས་སངས་ལྟ་བུ་སོགས་འགའ་ཤས་མ་གཏོགས་མང་པོ་མེད་དོ།།  

ལེའུ་དྲུག་པ།  སློབ་གསོ་དང་འཕྲོད་སྟེན་གྱི་སྐོར།

མི་ཉག་གི་སློབ་གསོ།

ད་སྐབས་ཀྱི་མི་ཉག་གི་སློབ་གསོ་བྱེད་ས་གཙོ་བོ་ནི། རྒྱལ་ཁབ་གཞུང་གིས་བཙུགས་པའི་སློབ་གྲྭ་ནི། རྟའུ་རྫོང་གི་སློབ་ཆུང་དང་སློབ་འབྲིང་ཡོངས་རྫོགས། དར་མདོ་རྫོང་གི་ར་རྔ་ཁའི་སློབ་འབྲིང་དང་སློབ་ཆུང་དང་། བ་སྨད་གྲོང་རྡལ་གྱི་སློབ་འབྲིང་དང་སློབ་ཆུང་། ལྷ་སྒང་ཤང་གི་སློབ་ཆུང་། གངས་དཀར་ཤང་གི་སློབ་ཆུང་། ས་བདེ་ཤང་གི་སློབ་ཆུང་། འགག་པ་ཤང་གི་སློབ་ཆུང་། སྐྱ་ཀེ་ཤང་གི་སློབ་ཆུང་། ལུང་འདུས་ཤང་གི་སློབ་ཆུང་། ཨོ་རོང་གཤིས་ཤང་གི་སློབ་ཆུང་། འདྲ་པའི་ཤང་རྣམས་ཀྱི་སློབ་ཆུང་། གྲོང་གསུམ་ཤང་གི་སློབ་ཆུང་། མུ་ལི་རྫོང་གི་སློབ་ཆུང་དང་སློབ་འབྲིང་ཡོངས་རྫོགས། བརྒྱད་ཟུར་རྫོང་གི་ཐང་མགོ་སློབ་ཆུང་སོགས་སློབ་གྲྭ་ཆེ་ཆུང་ཡོངས་རྫོགས། ལིའང་ཧྲན་ཁུལ་གྱི་བོད་ཀྱི་སློབ་ཆུང་དང་སློབ་འབྲིང་ཡོངས་རྫོགས། བདེ་ཆེན་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་ཡོངས་རྫོགས། སྒེར་བཙུགས་ཀྱི་སློབ་གྲྭ་ནི་མི་ཉག་རྡོ་ར་དཀར་མོའི་རྫོགས་ཆེན་སློབ་གྲྭ་དང་། མགར་ཐར་དགོན་པའི་སློབ་ཆུང་། མི་ཉག་མིའུ་རོང་སློབ་ཆུང་སོགས་ནི་ང་ཚོའི་མི་ཉག་གི་སློབ་གསོ་བྱེད་སའི་ལྟེ་གནས་རྣམས་ཡིན་ཞིང་།  དགོན་པ་སོ་སོའི་བཤད་གྲྭ་སོགས་ཀྱིས་ཀྱང་ཕན་ཆེན་པོ་ཐོགས་ཡོད་པ་ཡིན་ནོ།    །རྨང་གཞི་སློབ་གསོ་ལ་བཀའ་དྲིན་ཅན་གྱི་དགེ་རྒན་འགའི་མཚན་ཐོ། མགར་ཐར་གྱི་དགེན་ཨ་ཁུ་དགེ་ལེགས་ཚང་དང་སྐུ་ཞབས་འཇིག་མེད་རྣམ་རྒྱལ།   ར་རྔ་ཁའི་སློབ་འབྲིང་གི་དགེན་བསོད་ནམས་འཕྲིན་ལས།   ཡུན་ནན་བདེ་ཆེན་གྱི་མི་སེར་ལྷག་བསམ་ཅན་ཨ་འབྱུང་།  ལྷ་སྒང་སློབ་ཆུང་གི་དགེན་ཀུན་དགའ།   དགེན་ལྷ་སྐྱིད་དང་དགེན་ལོ་ཡག་སོགས་ལྟ་བུ་སོགས་ནི་མཚོན་བྱེད་ཙམ་བྲིས་པ་དང་།  ད་ལྟ་མི་ཉག་གི་སློབ་གཙོ་བཟང་པོ། ལྷ་སྒང་སློབ་ཆུང་དང་ར་རྔ་ཁ་སློབ་འབྲིང་གི་སློབ་གཙོ་མོ་འགྲེ་ཐུབ་བསྟན་དང་།  རྡོ་ར་དཀར་མོའི་རྫོགས་ཆེན་སློབ་གྲྭའི་སློབ་གཙོ་གངས་རི་མ་བདེ་སྐྱིད་གཡང་འཛོམས་སམ་བདེ་ཐོ།  བ་སྨད་སློབ་འབྲིང་གི་སློབ་གཙོ་བཀྲ་ཤིས་རྡོ་རྗེ་སོགས་ནི་བྱས་རྗེས་དང་ལྡན་པའི་སློབ་གཙོ་མིག་དཔེ་ལྟ་ས་རེད་སྙམ། ལྕམ་པ་སྟོད་པའི་གྲྭ་བཙུན་པདྨ་དབང་ཆེན་ལགས་ཀྱིས་མི་ཉག་གི་རྨང་གཞིའི་སློབ་གསོ་ཐད་ལ་ལོ་མང་པོའི་རིང་ལ།  སློབ་གསོ་ལ་མཁས་པ་མང་པོ་ཆེད་དུ་གདན་འདྲེན་ཞུས་ཏེ་སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་རྣམས་ཚོགས་འདུ་ཐེངས་མང་པོ་འཚོགས་ནས་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པ་ཡིན་ནོ།  །ཞེས་པའི་གོང་བཤད་དེ་དག་ནི་ཁོ་བོས་ལྟ་ཚུལ་ལྟར་བྲིས་པ་ཡིན་ནོ། །

མི་ཉག་གི་འཕྲོད་བསྟེན།

དེ་ཡང་མི་ཉག་གི་འཕྲོད་སྟེན་ནི་གྲོང་གསེབ་ཆུང་ཆུང་དང་སྡེ་པ་སོགས་ཀྱི་ནང་དུ་བོད་སྨན་ལྟ་མཁན་མང་ཙམ་ཡོད་པ་དཔེར་ན། ལྷ་སྒང་ཤང་གི་གངས་རི་མ་སྡེ་པ་གཅིག་གི་ནང་དུ་སྒེར་བཙུགས་སྨན་ཁང་ཆུང་བ་ལྔ་ཙམ་ཡོད་པ་ལྟ་བུ་སོགས་ཡིན་ཞིང་། རྒྱལ་ཁབ་སྲིད་གཞུང་གིས་བཙུགས་པའི་རྫོང་ཡན་ཆོད་ཀྱི་སྨན་ཁང་དུ་མ་དང་ཡུལ་ཤོག་སོ་སོའི་འཕྲོད་སྟེན་ས་ཚུགས་བུ་མ་ཡོད་པ་ལྟ་བུ་སོགས་ཡིན་ནོ། །

མི་ཉག་གི་སྨན་པ་རྣམས་ཀྱི་སྤྱོད་པའི་ཚད་གཞི་རྣམས་གཤམ་གསལ།

(༡)སྨན་པའི་ཟུར་དུ་ནད་པ་མཐོ་དམན་བར་གསུམ་སུ་ཞིག་ཐོན་ན་ཁ་འཇམ་དང་ལག་འཇམ་བྱེད་རྒྱུ་མ་གཏོགས་སྤྱོད་ལམ་རྩུབ་པོ་བྱེད་མི་ཉན།

(༢)ནད་ཡོད་མཁན་གྱི་མི་ཞིག་མཐོང་ཚེ་དེ་ལ་སྙིང་རྗེ་སྐྱེས་རྒྱུ་མ་གཏོགས།  དེའི་རྒྭ་ནོར་ལ་ཟ་རྒྱུ་དང་འཐུང་རྒྱུའི་བསམ་བློ་གཏོང་མི་ཉན།

(༣)སྨན་གོང་ཡང་བདེ་མོ་བདག་གཞན་གཉིས་ཀ་ལ་མི་ཕམ་མཁན་ཞིག་བྱེད་དགོས།

(༤)སྨན་པ་ཞིག་ཡིན་ནས་བཟུང་སྟེ་དང་པོ་ཉིད་ནས་ང་རང་གིས་སྨན་སྦྱོང་ནས་རྗེས་སུ་རྒྱུ་ཆེན་པོ་ཞིག་ཐོབ་ན་ཅི་མ་རུང་སྙམ་པའི་བསམ་བློའི་འདུ་ཤེས་ཡོད་མི་ཉན། གལ་སྲིད་དེ་འདྲའི་བསམ་བློ་དེ་ཡོད་ན་ཁྱོད་རང་སྨན་པ་ཚད་ལྡན་ཞིག་མ་ཡིན་ནོ། །

(༥)ནད་པ་རྣམས་ལ་བློ་གཅིག་སེམས་གཅིགགིས་ཞབས་འདེགས་ཞུ་དགོས།

(༦)ནད་པ་སུ་ཞིག་ཡིན་རུང་དེ་ལ་ཕན་འདོགས་ཐབས་ཀྱི་བསམ་བློ་ཡག་པོ་ངེས་པར་གཏོང་ཤེས་དགོས་སོ། །བོད་སྨན་ལ་མཁས་པ་ནི་གནའ་ནས་ད་ལྟའི་བར་དུ་མང་པོ་ཡོད་པས་འདིར་འབྲི་རྒྱུ་མིན་ལ།  རྒྱ་སྨན་ལ་མཁས་པའང་མང་པོ་ཡོད།  ནུབ་ལུགས་ཀྱི་སྨན་པ་ནད་གཡོག་བཟང་པོ་སྐྱ་ཀེ་བ་པ་སངས་དོན་འགྲུབ་ལ་འཛམ་གླིང་གི་བྱ་དགའ་ནན་ཏིང་ཀོ་ཨེར་གཟི་ལྡན་གཟེངས་རྟགས་ཐོབ་ཡོད་པ་སོགས་ལྟ་བུ་ཡིན་ནོ། །

ལེའུ་བདུན་པ།  ཚན་རིག་དང་ལག་རྩལ་གྱི་སྐོར།

མི་ཉག་གི་ཚན་རིག་བཤད་པ།

དང་པོ་ཚན་རིག་བཤད་པ། མི་ཉག་ལ་ཚན་རིག་དར་རྒྱས་ཆེན་པོ་འཕེལ་རྒྱས་བྱུང་ཐུབ་མེད་མོད། འོན་ཀྱང་རླངས་འཁོར་ལ་སྐྱོན་བྱུང་ནས་ཆག་པ་དང་། འཕྲུལ་རྟ་ཆག་པ། ལྕགས་རྟ་སོགས་ལ་སྐྱོན་བྱུང་ན་ལས་ཤེས་མཁན་ནི་མི་ཉུང་བ་ཙམ་ཡོད། གཞུང་ལམ་དང་ཟམ་པ་སོགས་ལས་རྒྱུའི་འཆར་བཀོད་རྒྱག་དགོས་ན་ཐིག་ཚད་རྒྱག་ཤེས་མཁན་ཡང་མི་ཁ་ཤས་ཡོད། རྒྱ་ནག་ཁྲི་འདུས་ལ་སྤྱི་ལོ༢༠༡༢ལོར་རག་ཤུལ་བདེ་ལེགས་དང་ཉ་ངོས་ཚེ་སྒྲུབ་སོགས་ཀྱིས་བཙུགས་པའི་བོད་ཀྱི་གོས་སྣ་ཚོགས་དང་། གྲྭ་པ་དང་བླ་མ་ལ་མཁོ་བའི་གཟན་ཤམ་གྱོན་རྒྱུ་སྣ་ཚོགས་བཟོ་དྲུབ་བྱེད་སའི། ཚེམ་དྲུབ་བཟོ་གྲྭ་ཡང་གཉིས་གསུམ་ཙམ་ཞིག་བཙུགས་ཡོད་པ་མ་ཚད།   པར་རྒྱག་ཤེས་མཁན། བོད་ལུགས་ཀྱི་འཛུགས་སྐོར་ཤེས་མཁན་སྐད་གྲགས་ཅན་ཡོད། དར་མདོ་རྫོང་ལྷ་སྒང་ཤང་གོ་རོ་སྡེ་པའི་མི་ཀུན་བཟང་མཁས་གྲུབ་ལགས་ཀྱིས་སྤྱི་ལོ༢༠༠༦ལོར་གསར་དུ་བཙུགས་པའི་ཁྲི་འདུས་ཕུས་རྫོང་ན་ཁམས་པ་བོད་ཡིག་པར་སྐྲུན་ཁང་ཞེས་པ་ཞིག་གསར་དུ་བཙུགས་ཡོད། དེ་ལ་དཔེ་ཆ་པར་སར་འོང་མཁན་གཙོ་བོ་ནི་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་དང་སློབ་གྲྭ་སོ་སོ། ཆོས་ལུགས་གྲུབ་མཐའ་འམ་ཆོས་བརྒྱུད་རིས་མེད་ཀྱི་སྐྱ་སེར་མང་པོར་རང་རང་ལ་གང་མཁོའི་དཔེ་ཆ་མང་པོ་པར་སྐྲུན་བྱས་ཡོད་པ་སྟེ། དཔེ་རྙིང་། ཆོས་སྤྱོད། དཔེ་ཚོགས། དེང་རྩོམ་དུ་མ། སྡེབ་རིང་སྡེབ་ཐུང་། དཔེ་དེབ་གཟུགས་འདྲ་མིན་སྣ་ཚོགས། ལྷ་གཟུངས་དང་དུང་འཁོར་སོགས་དཔར་འདེབས་བྱེད་རྒྱུ་ཡིན་པས། དེར་འབྲེལ་གཏུགས་བྱེད་བསམ་ན་ང་རང་འཚོལ་དང་འགྲིག་པ་ཡིན། །

མི་ཉག་གི་ལག་རྩལ་བཤད་པ།

དེ་ཡང་ལྕགས་ཀྱི་ཐབ་ཀ་སྣ་ཚོགས་རྡུང་ཤེས་མཁན་དང་སྣོད་ཁའི་རིགས་ལྕགས་དང་། ཧ་ཡང་དང་ཟངས་རག་སོགས་ལ་བུ་ག་ཕུག་ཡོད་ན་འཛེར་བ་རྒྱག་ཤེས་མཁན་ནི་ཤིན་ཏུ་མང་པོ་ཡོད། ཁང་པའི་རྩིག་པ་རྩིག་ཤེས་མཁན་དང་གྱང་རྡུང་ཤེས་མཁན་ཡང་ཤིན་ཏུ་མང་པོ་ཡོད། དེང་སང་གི་ཚན་རིག་འཕྲུལ་ཆས་ལ་བརྟེན་ནས་ཤིང་བཟོ་ཡག་པོ་ཤེས་མཁན་ཡང་མང་པོ་ཡོད། དཔེར་ན།  ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ཉི་ཤར་ཡུལ་ཤོག་གི་དམངས་ཁྲོད་རྫ་མའི་རིགས་བཅའ་མཁན་དགེ་རྒན་བསོད་ནམས་འཕྲིན་ལས་སོགས་ལྟ་བུ་མང་པོ་ཡོད་པ་ཡིན་ནོ།  །

ལུག་ལྤགས་མཉེ་ལུགས་ཀྱི་ལག་ཤེས།

འབྲོག་པ་རྣམས་ཀྱིས་ལུག་ལྤགས་མཉེ་བའི་སྐབས་སུ། དང་ཐོག་ལུག་གི་པགས་པ་སྐམ་པོ་དེ་ས་ནག་གམ་ས་སེར་འདམ་ཁུ་ནང་སྤང་ནས་བདེ་མོ་ངོས་སྙོམས་པ་ཞིག་གི་སྟེང་དུ་བཏིང་ནས་སྦང་དགོས། སྦོང་ཡུན་ནི་ཉིན་ཞག་གཅིག་གི་ཆོག་པ་ཡིན། དེ་ནས་པགས་པའི་ངོས་ཀྱི་ཤ་ཐམས་ཅད་རྡོ་ཟོར་སོགས་ཀྱིས་འཕྲུགས་ནས་པགས་པའི་ཤ་འགོ་ཡར་ཅུང་ཟད་ཙམ་ཞིག་ཟིང་བཅུག་དགོས། སྐུད་རྒྱག་རྒྱུའི་ཚད་ནི་མར་སྲང་གང་དང་ཀླད་རུལ་སྲང་དོ་ཙམ་གྱིས་པགས་པ་གཅིག་ལ་འདང་གིན་ཡོད། སྐུད་རྒྱག་སྐབས་ཉི་མ་དྲོས་སར་པགས་པ་ཐང་ལ་བཏིང་ནས་སྐུད་རྒྱག་དགོས། སྐུད་རྒྱག་ཚར་རྗེས་པགས་པ་རྣམས་ཁ་ཡག་པོ་བསུམ་ནས་འཕུར་པའམ་པགས་ཤད་བཅས་དབྱུག་པ་གཉིས་ཀྱིས་གཅུ་ཕུར་བརྒྱབ་སྟེ་གཅུ་ཕུར་གྱི་འགོ་གཉིས་ཀ་མཉམ་དུ་ཐག་པས་བསྡོམ་དགོས། ཉིན་གསུམ་ནས་བཞིའི་རིང་ལ་ཉི་མའི་དྲོད་ཡོད་སར་ལྡེ་ནས་སྒྱུར་ལོག་རེ་རྒྱག་ན་འགྲིག་གིན་རེད། ཉིན་གསུམ་བཞི་ཙམ་གྱི་རྗེས་སུ་ཉིན་མ་རེ་ལ་མཉེ་འཐེན་ཐེངས་གཉིས་གསུམ་རེ་བྱས་མཐར་ཡང་བསྐྱར་གཅུ་ཕུར་བརྒྱབ་ནས་འཇོག་དགོས། ལུགས་པགས་ཀྱི་སྐུད་འཐུང་ཚར་རྗེས་ལུག་པགས་མཉེས་ཚར་བ་ཡིན་ནོ།  །

ཚ་རུ་མཉེ་ལུགས་ཀྱི་ལག་ཤེས།

ཚ་རུ་སྐམ་པོ་ས་འདམ་གྱིས་ཡག་པོ་སྦང་དགོས། སྦངས་ཚར་རྗེས་ཚ་རུའི་ངོས་ཀྱི་ཤ་རྣམས་ཅུང་ཙམ་བཞར་ནས་ཆུ་མགོ་རློན་ཡོད་ས་དག་སྐམ་ཚར་རྗེས། ད་གཟོད་ཀླད་རུལ་ཅུང་ཟད་ཙམ་དང་མར་ཅུང་ཙམ་གཉིས་མང་ཉུང་འདྲ་མཉམ་དུ་བསྲེས་ནས་སྐུད་རྒྱག་དགོས། སྐུད་བརྒྱབ་ཚར་རྗེས་མཉེ་རྒྱུའི་ཚ་རུ་ཇི་ཙམ་ཡོད་ན་ཚང་མ་ཕྱར་བའམ་གོས་དྲོན་པོའི་ཁུག་ཏུ་ཁ་བསུམ་ནས་བཅུག་སྟེ་རྡོ་སོགས་ལྗིད་པོས་ཐོག་ཏུ་གནོན་དགོས། ཞག་མ་གཉིས་གསུམ་གྱི་རྗེས་སུ་ཉིན་རེར་ཐེངས་ཁ་ཤས་ལག་པས་འཕུར་འཕུར་བཏང་ནས་མཉེ་དགོས། ཉིན་བཞིའི་རིང་ལ་ཚ་རུ་རྣམས་མཉེས་ཚར་ངེས་ཡིན། ཚ་རུ་རེ་ལ་མཉེ་གླ་སྒོར་མོ་བཞི་ནས་ལྔ་བར་ཡིན། ཚ་རུ་མཉེས་ཚར་རྗེས་ཆུ་འཇམ་ནང་དུ་འདག་རྫས་བླུགས་ནས་ལེགས་པོར་བཀྲུས་ན་ཤིན་ཏུ་དཀར་པོ་འོང་བ་ཡིན། ཀླད་རུལ་གྱི་དྲི་མ་ནི་ཧ་ཅང་ངན་ཡང་ཆུས་བཀྲུས་ན་དྲི་ངན་མི་བྲོ་རྒྱུ་ལ་ཕན་པ་ཆེན་པོ་ཡོད། དེང་སང་གསར་དུ་དར་བས་མཉེ་སྟངས་ཡག་པོ་ཞིག་ཀྱང་དར་བཞིན་ཡོད། དེ་ནི་ཚ་རུ་ལ་དྲི་ངན་གཏན་ནས་མི་བྲོ་བའི་མཉེ་སྟངས་ཤིག་རེད། མཉེ་སྟངས་དེའི་མིང་ལ་དར་ཟ་རྒྱག་ཅེས་བཤད་འདུག་གོ། །དར་བ་ནི་འོ་མའི་ནང་གི་མར་བཏོན་རྗེས་ལྷག་པའི་གཤེར་ཁུའི་མིང་ལ་ཟེར་ཞིང་། ཚིག་བསྡུས་ན་དར་ཞེས་འབྲི་ཆོག་སྟེ། དར་བས་བརྫིས་པའི་རྩམ་པ་ལ་དར་རྩམ་ཞེས་པ་ལྟ་བུའོ།    །

ཟོག་གི་ཀོ་བ་མཉེ་ལུགས་ཀྱི་ལག་ཤེས།

དང་པོ།  ཀོ་བ་མཁྲེགས་གྱོང་དེ་ཆུ་དོང་ནང་དུ་སྦངས་ཏེ་རྡོ་ཆེན་པོས་མནན་ནས་ཆུས་མི་ཁྱེར་བ་དང་བྱ་ཁྱིས་མི་ཟ་བར་བྱེད། ཉིན་ཁ་ཤས་སྦངས་རྗེས་ཀོ་བ་རློན་པའི་ཆུ་ཅུང་ཟད་སྐམ་བཅུག་དགོས།

གཉིས་པ།  ཀོ་སྤུ་དང་ཀོ་སྐྱི་གཙང་མར་བཞར་ནས་སྐྱི་ཡག་པོ་གཅོད་པར་ཀོ་སྐྱི་གཅོད་བྱེད་བྲང་སྒ་དང་ཀོ་གྲི་རྡོ་ཟོར་བཅས་ཀྱིས་སྐྱི་གཅད་ན་ཆོག དེ་རྗེས་ཀོ་བ་སྐམ་པོ་ཐག་ཐག་རེད་བཅུག་དགོས།

གསུམ་པ། ཀོ་བ་ལ་སྐུད་རྒྱག་བྱེད་མར་དང་དོང་རུལ་མང་ཉུང་འདྲ་མཉམ་བྱས་ནས་ད་་་་་་་

གཟོད་ཀོ་སྐུད་རྒྱག་དགོས།ཀོ་སྐུད་རྒྱག་རྒྱུའི་ཚད་ནི་ཀོ་བ་གཅིག་ལ་མར་དང་དོང་རུལ་མང་ཉུང་འདྲ་འདྲ་མཉམ་དུ་བསྲེས་ནས་མར་དང་དོང་རུལ་རྒྱ་མ་དོ་ནས་གསུམ་བར་དུ་སྐུད་བརྒྱབ་ན་ཚད་དང་ལྡན་པའི་ཚད་ལ་ཐོན་ཡོད་པར་ཀོ་མཁན་ཚོས་བཤད།ཉི་མ་དྲོད་ཆེན་ཡོད་སར་སྐུད་རྒྱག་དགོས། སྐུད་བརྒྱབ་རྗེས་རྐང་པས་ནོད་ཚོད་ཙམ་གྱི་ཀོ་བ་མཉེ་སྒྲོ་ནང་དུ་བཅུག

གོས་སོགས་དྲོན་པོའི་ཁུག་ཏུ་དཀྲིས་ནས་རྡོ་སོགས་ལྗིད་མོའི་རིགས་ཀྱིས་ཐོག་ཏུ་མནན། དེ་ནས་ཉིན་གཅིག་ཙམ་སོང་རྗེས་རྐང་པས་ཕར་སྒྱུར་ཚུར་སྒྱུར་བྱས་ནས་ཡུན་དུ་མཉེ་བརྫི་བྱེད། མཉེ་ཞོར་ཏུ་མཚམས་མཚམས་སུ་མཉེ་སྒྲོ་ཁ་ཕྱེས་ནས་ཉི་མའི་ནང་དུ་ཀོ་བ་རྒྱོང་འཐེན་ཡང་ཡང་བྱས་ནས་ཉིན་བཞི་ལྔ་ཙམ་གྱིས་ཀོ་བ་རྣམས་མཉེ་ཚར་འགྲོ།

དེང་སང་ས་ཆ་ཁ་ཤས་ན་ཐབ་ཟངས་ནང་དུ་ཀོ་སྐུད་ཐམས་ཅད་མཉམ་བླུག་བྱས་ཏེ་མེ་ཡིས་དྲོས་བཅུག་ནས་ཉིན་རེ་ལ་ཀོ་བུབས་རེ་མཉེ་ཐུབ་མཁན་ཡོད་ཟེར།ཀོ་བ་མཉེ་སྐབས་རླུང་་་་

ངན་པ་མི་ཡོང་ས་ན་རྡོ་ལེབ་ཆེན་པོའི་སྟེང་ཕོ་སར་རྐང་ཤེད་ཅན་གྱིས་རྡོག་མཉེ་བྱའོ།།

བེའུ་ལྤགས་སམ་རྐོ་བུ་མཉེ་ན། ཀོ་བའི་ཀོ་སྤུ་བཞར་དགོས་ལ། རྐོ་བུའི་སྤུ་བཞར་མི་དགོས་པའི་ཁྱད་པར་ཙམ་ལས་ཁྱད་པར་ཆེར་མེད་ལ། རྐོ་བུའི་སྤྱོད་སྒོ་ཡང་སྔོན་ཆད་ཀོ་རྩག་བཟོ་བའི་རྒྱུ་དང་། ཀོ་སྟན་ཞེས་བེའུ་ལྤགས་སྤུ་ཅན་གྱི་སྟན་དང་། ཁུར་གདན་ཞེས་ས་རྡོ་སོགས་ཁུར་དུས་རྒྱབ་ཏུ་གྱོན་བྱའི་རྒྱུ་ཡིན་ཡང་དེང་སང་ནི་ཀོ་སྟན་ཙམ་ལས་ཀོ་སློག་དང་བེའུ་སློག་རྐོ་བུའི་སློག་པ་བཅས་ནི་དཀོན་པོ་ཡིན་ནོ།།

ཕྱིང་བ་འཇོག་པའི་ལག་ཤེས།

ཕྱིང་པ་འཇོག་བྱེད་ཀྱི་རྒྱུ་དང་། གྲ་སྒྲིག །རྒྱ་གྲངས། འཇོག་སའི་ས་ཆ། རྒྱ་ཆེ་ཆུང་གི་ཚད། སྲབ་འཐུག །གཟུགས་དབྱིབས། བརླིང་ལུགས། སྤྱོད་སྒོ་སོགས་བཤད་པ་དང་དགུ་སྟེ།

གཅིགཕྱིང་པ་འཇོག་བྱེད་ཀྱི་རྒྱུ་ནི།ལོ་གཉིས་ཅན་གྱི་ལུག་གི་སྟོན་ཁའི་བལ་ནི་རྒྱུ་ཡག་ཤོས་

ཡིན་ལ། སྤྱིར་བལ་གང་ཡིན་ཡང་ཆོག་གོ །

གཉིས། གྲ་སྒྲིག་བྱེད་རྒྱའི་སྐོར།  ལུག་བལ་ཡག་པོ་བསེད་ནས་བལ་འདབ་བྱས་ནས་ཕྱར་བ་སོགས་སྣོད་ཀྱི་ནང་དུ་རྩྭ་ཤིང་རྡུལ་སོགས་མི་འགྲོ་བར་ཉར་དགོས།དེ་རྗེས་ཕྱི་མཁན་ཞིག་

བཙལ་ནས་ཕྱིང་བ་འཇོག་ཏུ་འཇུག་དགོས་ཤིང་དུས་ཚོད་དབྱར་རམ་སྟོན་གྱི་གནམ་གཤིས་དྲོ་ཞིང་དྭངས་པའི་སྐབས་སུ་འདེམས་དགོས།ཕྱིང་བ་འཇོག་སའི་ཕྱར་བ་གསུམ་བཞི་ཙམ་གྲ་སྒྲིག་བྱ་དགོས།  རྒྱ་ནག་དང་ཉེ་བའི་སར་ཕྱིང་གདན་སྨྱུག་སྟན་ལས་བྱེད་པ་དང་།  སོག་ཡུལ་དུ་ཀོ་བ་མཐུད་མ་རྒྱ་ཆེན་པོ་ལས་བྱེད་སོགས་ཀྱང་སྣང་།དེ་མིན་ཆུ་དང་ཤོག་རྦ། ཆབ་གཏོར་བྱེད་བཅས་ཆ་ཚང་བ་འཛོམས་ཐུབ་པར་བྱེད་དགོས།

གསུམ། ཕྱིང་བ་ཚད་ལྡན་ཞིག་ལ་བལ་རྒྱ་མ་བཅུ་ཡོད་ན་ཕྱིང་བ་སྲབ་སྲབ་ཡིན་པ་ལ་ཁ་་་་་་་

གསབ་བྱེད་ས་བཅས་གང་ཐད་ལ་ཕན་ཐོགས་ཡོད་པས་ཤིན་ཏུ་བཟང་ངོ་།།

བཞི། འཇོག་སའི་ས་ཆ་ནི་གསེར་སྤང་ངོས་མཉམ་ཐང་བདེར་སོང་ནས་འཇོག་དགོས།

ལྔ་། རྒྱ་ཆེ་ཆུང་གི་ཚད་ནི་ཕྱིང་བའི་དཀྱིལ་གོང་ནས་བརྩིས་ན་མཐས་ཁའི་བར་དུ་འདོམ་པ་གང་དང་ཁྲུ་གང་ཡོད་པ་ཞིག་འཇོག་དགོས། ད་སྐབས་རྩི་སྟངས་ལྟར་ན་ལི་སྨི་ཉིས་བརྒྱ་དང་བཅུ་གསུམ་ཡོད། ཚད་ལྡན་ཞིག་འཇོག་ན་ཚད་དེ་ཡིན་ཡང་དེ་མིན་ཆེ་ཆུང་གང་འདྲ་འཇོག་ཀྱང་ཆོག་གོ   །

དྲུག  སྲབ་འཐུག་གི་ཚད་གཞི་ནི་ཕྱིང་བ་དང་པོ་འཇོག་སྐབས་བལ་འདབ་རེ་རེ་བཞིན་འདྲ་མཉམ་བྱས་ཏེ་རྩེག་གཅིག་བཞག་ནས་བརླིང་ཚར་རྗེས་ཡང་འདམ་པ་ཕྱེད་ཀ་ཙམ་དཀྱིལ་ནས་རྩེག་གཅིག་བཞག་ནས་བརླིང་ན་དཀྱིལ་ཞེང་ཅུང་ཟད་འཐུག་ལ་མཐའ་ཁ་ཐམས་ཅད་སྲབ་སྲབ་ཅིག་ཡིན་པས་ཕྱིང་མཁན་ཚོས་ཤིན་ཏུ་བཟང་ཞེས་བཤད་དོ།།

བདུན། གཟུགས་དབྱིབས་སམ་བཟོ་ལྟ་ནི་ཕྱིང་པ་ཀོར་ཀོར་ཞིག་ཡིན་དགོས།

བརྒྱད། ཕྱིང་བ་བརླིང་ལུགས་ནི་དང་པོ་ཕྱིང་བ་བཞག་མ་ཐག་ཏུ་གཅིག་བརྒྱ་ཐལ་ཉིས་

བརྒྱ་ཐལ་ཞེས་གྲངས་ཀ་གཅིག་ནས་བཞི་བརྒྱའི་བར་དུ་ཕྱིང་བ་དེ་བརླིང་དགོས། དེ་རྗེས་

མར་ཕྱར་བ་ཁུག་ཏུ་ཕྱིང་བ་བསྒྲིལ་ཡོད་པ་དེ་ཁ་ཕྱེས་ནས་ཁ་གསབ་བྱེད་དགོས་སར་ཁ་

གསབ་ཅིང་སྔོན་མའི་སྒྲིལ་ས་མ་ཡིན་སའི་ཕྱོགས་ནས་ཡང་ཕྱར་བ་ཁུག་ཏུ་བསྒྲིལ་ནས་གྲངས་ཀ་གཅིག་ནས་བཞི་བརྒྱ་བར་དུ་བརྩིས་ནས་བརླིང་དགོས། དེ་ནས་དབྱིབས་ཀོར་ཀོར་རེད་་་

མིན་ལ་བལྟས་ནས། ཀོར་ཀོར་ཡོང་ཆེད་དུ་ཕྱར་བའི་ཐོག་ཏུ་ཕྱིང་བ་རྐྱང་རྐྱང་ཕྱིང་དྲིལ་བྱས

་ཏེ་གྲངས་ཀ་ཉིས་བརྒྱ་ནས་སུམ་བརྒྱའི་བར་དུ་བརླིང་དགོས།

དགུ། ཕྱིང་བའི་སྤྱོད་སྒོ་ནི། ཆར་གོས་ཕྱིང་ཀོར། ཕྱིང་གུར། ཕྱིང་གོས། ཕྱིང་ཞྭ། ཕྱིང་ལྷམ། ཕྱིང་སྟན་སོགས་ལ་སྤྱོད་སྒོ་རྒྱ་ཆེན་པོ་ཡོད་པ་ཡིན་ནོ།    །

 སྤྱིར་ཕྱིང་བ་ནི་ཐགས་སུ་མ་བྱས་པར་ཆུ་ཆག་གིས་བཅགས་པའི་བལ་གོས་ལ་ཟེར། ཡང་ན་ལུག་གི་བལ་དང་ཁུལ་སོགས་གནོན་འཆག་བྱས་ནས་ཐགས་རྐུད་མེད་པར་བཟོས་་་་པའི་དངོས་རྫས་ཀྱི་མིང་སྟེ། སྲིད་པ་རྒན་པོའི་གཏམ་དཔེ་ལ། རྡོ་ཆུང་ཡང་རི་བོ་རྩིག་ཐུབ།   བལ་ཕྲ་ཡང་ཕྱིང་པ་བཟོ་ཐུབ། །ཅེས་པ་ལྟར་རོ།  །

 ཕྱིང་པ་རེ་འཇོག་གླ་སྒོར་བཞི་བཅུ་ནས་ལྔ་བཅུའི་བར་དུ་ཡིན།

བལ་སྟན་འཇོག་ལུགས་ཀྱང་ཕྱིང་པ་འཇོག་ལུགས་དང་རིགས་མཚུངས། སྟན་གྱི་མཐའ་སྲབ་ལ་དཀྱིལ་འཐུག་དགོས།བལ་རྒྱ་མ་བདུན་དང་ཕྱེད་ཀ་ཡོད་ན་སྟན་ཚད་ལྡན་ཞིག་འཇོག་ཆོག རྒྱ་མ་བདུན་ཡིན་ན་ཡང་འགྲིག་བལ་སྟན་ཞིག་འཇོག་གླ་སྒོར་མི་བཅུ་རེ་ཡིན། སྟན་འཇོག་སྐབས་བརླིང་རོགས་བྱེད་མཁན་ཞིག་ཡོད་ན་ཉིན་རེ་ལ་སྟན་གསུམ་རེ་འཇོག་ཐུབ་ཅེས་སྟན་མཁན་རྒན་གྲས་ཚོས་བཤད་དོ།   །

ཁལ་སྒ་གཞོག་ལུགས་ཀྱི་ལག་ཤེས།

དང་པོ་སྒ་འཇོག་བྱེད་ཀྱི་རྒྱུ་ཤིང་ཆེས་ཡག་ཤོས་ནི།སྟག་པ་ཤིང་དང་གྲོ་བ་ཤིང་བཅས་ཡིན།

སྒ་འཇོག་བྱེད་ཀྱི་ཤིང་སྐྱེས་ཡོད་ས་ནི་ཤིང་ནགས་ཆེ་སའི་ངོ་གཟར་མོའི་ན་ཤིང་རང་འགུག་ཅན་ཡག་ཤོས་རྣམས་སྐྱེས་ཡོད། སྒ་ཤིང་ཕུད་རྗེས་དེ་ནས་སྒའི་སྔ་རུ་དང་ཕྱི་རུ་གཉིས་གཞོག་དགོས་ཤིང་འཇོག་བྱེད་ཀྱི་ལག་ཆ་སྟེའུ་རྩེག་དང་འབུས་ཁ་འོར་སོགས་དགོས།སྒ་སྔ་རུ་ལ་ཡ་ཐོད་སྟེང་དུ་བུ་ག་གྲུ་བཞི་མ་ནར་མོ་ཕར་ཚུར་གཉིས་ལ་རེ་རེ་འབིགས་དགོས།ཁྱོན་བུ་ག་གཉིས་དགོས། སྒ་ཕྱི་རུ་ལ་བུ་ག་སྒོར་མོའམ་ཟླུམ་པོ་ཕྱོགས་རེར་བུ་ག་རེ་རེ་བཅས་ཁྱོན་གཉིས་རེ་ཕུག་དགོས། ཡང་དེའི་འོག་ཏུ་སྒ་འཛེར་རྒྱག་སའི་བུ་ག་ཆུང་ཆུང་སྒ་སྔ་རུ་དང་ཕྱི་རུ་གཉིས་རེ་གཉིས་རེ་བཅས་ཁྱོན་བཞི་རེ་ཕུག་དགོས། སྔ་རུ་ཕྱི་རུ་གཉིས་འབྲེལ་བྱེད་དྲལ་འུ་གཉིས་གཞོག་དགོས། དྲལ་འུའི་མགོ་མཇུག་གཉིས་ནི་སྔ་རུའི་བུ་ག་གྲུ་བཞི་ནར་མོའི་ནང་དུ་བཅུག་རྒྱུ་གཅིག་དང་ཕྱི་རུའི་བུ་ག་ཟླུམ་པོའི་ནང་ལ་བཅུག་རྒྱུའི་སྒའི་དྲལ་འུའི་ཤིང་གི་སྣེ་མོ་ལ་དེ་ལྟ་བུའི་བཟོ་དབྱིབས་ཕུད་དགོས།  དེ་ནས་སྒ་ལ་ཡག་ཤིང་ལེབ་ལེབ་ཆ་གཅིག་གཞོག་དགོས་ཤིང་ཡག་མ་ཤིང་གི་རྒྱབ་ཏུ་སྒ་སྔ་རུ་དང་ཕྱི་རུ་གཉིས་ཀྱི་སྣེ་འགྲམ་ཡག་མའི་ཤུར་ལམ་གཉིས་ཀྱི་ནང་དུ་སྦྲག་དགོས། ཡག་མའི་ཤུར་ལམ་རེའི་འགྲམ་རྩར་སྒ་འཛེར་རྒྱག་སའི་བུ་ག་བཞི་རེ་འབིག་དགོས། ཞར་བྱུང་སྒའི་ཐག་ཆ་ལ། གློ་དང་གོང་ཐག སྙེད་ཐག། སྙེད་ལྕིབས་དང་ཡང་ན་ལྗིབས་ཡང་འབྲི་སྲོལ་ཡོད་པ་ཡིན་ནོ། །

རྟ་སྒ་གཞོག་ལུགས་ཀྱི་ལག་ཤེས།

   རྟ་སྒ་གཞོག་བྱེད་ཀྱི་རྒྱུ་ཆ་རྟ་སྒའི་ཤིང་གཅད་ས་འགྲོ་སྐབས། སྒ་མཁན་གྱིས་མི་ཤེད་ཆེན་ཁ་ཤས་ཁྲིད་ནས་ས་མཐོ་ས་དང་ནགས་མང་པོ་ཡོད་ས་ལ་ཉི་མ་མང་པོ་འདུག་རྒྱུ་བྱས་ནས་ཟ་རྒྱུ་དང་གྱོན་རྒྱུ།ཐབ་ཆ།སྟ་རེ།རྐོ་མ་སོགས་ཁུར་ནས་རྟ་ཞོན་ཟོག་དེད་ནས་རྟ་སྒ་གཞོག་བྱེད་ཀྱི་ཤིང་གི་རྒྱུ་ཆ་འཚོལ་སར་འགྲོ་དགོས།རྟ་སྒ་གཞོག་བྱེད་ཀྱི་ཤིང་ལ་སྟག་པ་ཤིང་གི་རྩ་བྲད་སྦོམ་ལ་རང་འགུག་ཅན་བཟང་བས།ཤིང་སྡོང་རྩ་བ་བརྐོས་ནས་སྒ་འོས་མིན་བཅས་ལ་སྒ་མཁན་རང་ཉིད་ཀྱིས་བརྟག་དཔྱད་བྱ་དགོས།གལ་སྲིད་སྒ་ཤིང་གཞོག་བྱེད་ཀྱི་རྒྱུ་ཆ་མི་ཉན་ན་སྐྱུར་རྒྱུ་དང་།ཉན་ན་གཅད་དགོས།སྒ་ཤིང་བཅད་ཚར་རྗེས་སྒ་མཁན་གྱིས་ཆེ་གཞོག་ཡག་པོ་བྱས་ནས་རྟ་ཟོག་སོགས་ལ་བཀལ་ནས་ཁྱིམ་དུ་དྲངས་ནས།ཟླ་བ་ལྔ་དྲུག་གམ་ལོ་གཅིག་གཉིས་ཙམ་ལ་བསྐམ་བཅུག་ནས་ད་གཟོད་རྟ་སྒ་གསར་པ་གཞོག་དགོས།

   རྟ་སྒ་གཞོག་ལུགས། དེ་ནས་སྒ་གཞོག་མཁས་པ་ཞིག་གིས་གཞོག་དགོས། རྟ་སྒ་སྔ་རུ་བཞོགས་ཚར་རྗེས་སྒ་སྔ་རུའི་ངོས་ལ་སྲོལ་རྒྱུན་ལྟར་འབུར་རིས་བརྐོ་རྒྱབ་ནས་མཛེས་ཆ་ཕུད་དགོས། དེ་ནས་སྒ་ཕྱི་རུ་བཞོགས་ནས་འབུར་ཆ་བཅས་སྔ་རུ་དང་ཕྱི་རུ་གཉིས་ཆ་ཚང་བ་བཞོགས་ཚར་རྗེས། ད་གཟོད། སྔོན་གྱི་རྟ་སྒ་བདེ་མོ་ཞིག་ལ་དཔེ་བལྟས་ནས། སྒའི་ཡོག་མ་ལ་ཤུར་ལམ་དང་བུ་ག་ཕུག་རྒྱུ་སོགས་བཟོས་ཚར་རྗེས་སྒའི་སྔ་རུ་དང་ཕྱི་རུ་གཉིས་ཀྱི་ནང་ཡང་སྤྲད་དགོས། དེ་ནས་ཡོག་མ་བཞོག་ནས་བུ་ག་ཕུག་རྒྱུ་དང་སྔ་རུ་དང་ཕྱི་གཉིས་ཀྱི་སྦྲག་སའི་ཤུར་ལམ་རྐོ་རྒྱུ་དང་སྒ་འཛེར་རྒྱག་སའི་བུ་ག་ཕུག་ཚར་རྗེས་སྒ་འཛེར་བརྒྱབ་ནས་ཡོག་མ་གཉིས་སྤྲད་དགོས།

   བོད་ཀྱི་རྟ་སྒའི་ཁྱད་ཆོས་ལ། སྔ་རུ་མཐོ་ལ་ཕྱི་རུ་དམའ་བ། སྔ་རུ་དྲང་པོ་བསླངས་ཤིང་ཕྱི་རུ་ཅུང་ཟད་བསྙལ་བའི་རྣམ་པ་ཅན། སྔ་རུ་དང་ཕྱི་རུ་གཉིས་ཀ་རྒྱ་ཆེ་བ་སོག་སྒ་དང་རྒྱ་སྒ་ལས་ཁྱད་པར་ཅན་ཞིག་སྟེ། སྒ་ཁོག་དོགས་ཆེ་ན་རྟའི་རྒྱབ་གཅད། ལེབ་ཆེ་ན་འགྱུར་སླ སྔ་རུ་དང་ཕྱི་རུ་མཐོ་ཆེ་ན་བལྟད་ལ་མི་བདེ། ཧ་ཅང་དམའ་ན་བརྗིད་དང་མཛེས་ཆ་མེད་པས་སྒ་མཁན་གྱི་ཉམས་མྱོང་དང་སྒ་དཔེ་ལེགས་པོ་ལ་དཔེ་བྱ་རྒྱུ་གལ་ཆེའོ།

སྦྲ་ནག་དྲུབ་ལུགས་ཀྱི་ལག་ཤེས། 

དེ་ཡང་འབྲོག་པའི་འཚོ་གཞིས་ཀྱི་སྦྲ་ནག་ནི།  རྒྱའི་ཐང་ཡིག་ཏུ་སྔོན་ཆད་བོད་ཀྱི་དམག་རྣམས་སྦྲ་ནག་ཕུབ་ནས་འགྲོ་ཞེས་པ་ལྟར་སྦྲ་ནག་གིས་བོད་མི་རིགས་ལ་ལོ་རྒྱུས་ཀྱི་སྲུབས་ཀ་རེ་ནས་བྱེད་ནུས་མི་དམན་པ་རེ་ཐོན་ཡོད་ལ།  བོད་རང་གི་འཚོ་སྟངས་ལ་རོང་འབྲོག་གཉིས་སུ་ཡོད་པ་ལ་སྦྲ་རོག་རོག་ཅན་དང་ཁང་སྐྱ་སྐྱ་ཅན་ཞེས་འབྲོག་པ་སྦྲ་ནང་དུ་འཚོ་བ་ནི་ཁོ་ཚོའི་འཚོ་སྟངས་དང་མཐུན་ཞིང་འཚོ་བའི་གོམས་གཤིས་དང་འགྲོགས་པའི་བཟོ་སྐྲུན་ཁྱད་པར་བ་ཞིག་སྟེ།  འབྲོག་པའི་རིག་གནས་ཡོད་ཚད་ཀྱི་དྭངས་མར་གྱུར་བའང་སྦྲ་ནག་ལས་གཞན་པའི་དངོས་པོ་གང་གིས་ཀྱང་ཚབ་བྱེད་དཀའ་བ་ཞིག་ཏུ་གྱུར་ཡོད།     སྦྲ་ནག་ནི་འབྲོག་མི་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཁེལ་འཐག་བྱས་པའི་རྩིད་པའི་རེ་བ་ནག་པོ་འབའ་ཞིག་གིས་བཟོས་པ་ཡིན་ལ།  དབྱིབས་ནི་ཡབ་མེས་ཀྱི་ཁ་རྒྱུན་ལ་སྦྲ་ནག་གི་དབྱིབས་ནི་སྦལ་གཟུགས་ཁ་སྦུབ་དང་འདྲ་བ་དེས་རང་བྱུང་གི་གནོད་པས་མི་ཚུགས་པའི་ཆེད་དུ་ཡིན་པར་བཤད་ཅིང་།      སྦྲའི་ཁ་ཚུབ་ཀྱི་མཚམས་སུ་ཟུང་ང་ཕོ་ལོང་མོ་ལོང་གིས་སྒྲོག་པའི་ཕོ་ཡིས་ཐབས་དང་མོ་ཡིས་ཤེས་རབ་མཚོན་པས་ཐབས་ཤེས་ཟུང་འཇུག་གི་མགོ་སྦྲ་འདི་གྲུབ་པ་ཡིན།  སྦྲ་ཆེན་པོ་ཞིག་ལ་མཚོན་ནས་བཤད་ན་ཀླད་ཀྱི་རེ་བ་ཞང་མ་ལྔའི་མཚམས་སུ་ཆོན་ཆེན་གྱི་ཐག་པ་ལྔས་འཐེན་དགོས།  དེའི་འོག་གི་རེ་བ་ཞང་མ་བཞིའི་མཚམས་སུ་ཆོན་ཆུང༦ལ་ཐག་པ་དྲུག་གིས་འཐེན་དགོས། 

དེའི་འོག་གི་རེ་བ་ཞེང་མ་གསུམ་སྦྲ་མཐའི་ཕྱོགས་རེ་རེའི་མཚམས་སུ་ས་འཇུའི་ཐག་པ༨རེ་༨་རེ་གཡས་གཡོན་གཉིས་ལ་ཁྱོན་བསྡོམས་ས་འཇུ་བཅུ་དྲུག་གི་ཐག་པས་འཐེན་དགོས།   ས་འཇུའི་འོག་གི་ས་རྒྱག་རེ་བ་ཞེང་མ་གཉིས་སམ་གསུམ་དགོས། ཕུགས་ཚང་ལ་ས་འཇུ༧ཡོད་དགོས།  སྒོ་ཚང་ལ་ས་འཇུ༧འཐེན་དགོས།  ཕུགས་ཚང་དང་སྒོ་ཚང་གཉིས་ཀ་ལས་བྱེད་ཀྱི་རྒྱུ་ནི་ཁུལ་ཡིན་ཞིང་རྒྱ་ཅུང་ཟད་ཆེན་པོ་བཏགས་སྲོལ་ཡོད་པ་ཡིན། སྦྲའི་ཕུགས་ལ་ཆོན་ཆེན་དང་ཆོན་ཆུང༢དང་སྒོ་ལའང་ཆོན་ཆེན་དང་ཆོན་ཆུང་༢རེས་འཐེན་དགོས་ཤིང་།  ཁ་ཚུབ་འཐེན་བྱེད་ཀྱི་མཐོངས་ཐིག་ཞེས་པ་ཐ་གུ་རིང་པོ་གསུམ་ཡོད་དགོས།     ནང་གི་ཐ་གུ་ནི་ཟུང་ཐག་ལྔ་ལ་ཀ་ར༥དགོས།  ད་དུང་ནང་ཐིའུ་མང་པོ་བཏགས་དགོས།  སྦྲའི་རིང་ཐུང་ལ་འདོམ་པ༥ཕྱེད་ཙམ་ཡོད།  གོང་བཤད་ཀྱི་སྦྲ་ནི་སྦྲ་ཆེན་པོ་ཞིག་གི་ཚད་གཞི་བཤད་པ་ཡིན་ལ།  སྤྱིར་སྦྲ་ལ་ཀ་ར་དང་ཆ་རུ།  ཕུར་བ་མང་པོ་ཞིག་དགོས་པ་ཡིན་ལ།     གཡས་གཡོན་གཉིས་ལ་ཆོན་ཆེན་ལྔ་ལ་ཀ་ར༥གཉིས༡༠དང་ཆོན་ཆུང་ལ་ཀ་ར༦ཁྱོན་ཕྱོགས་གཉིས་ལ་ཀ་ར༡༢ཡོད་དགོས།  ནང་ལ་ཀ་ར༥རེ་དང་ཁྱོན་བསྡོམས་ཕྱི་ནང་གཉིས་ལ་ཀ་ར༢༧ཙམ་ཡོད་དགོས།   ཁྱོན་བསྡོམས་ཕུར་བ༦༠ལྷག་ཡོད་ཅིང་།  སྦྲའི་རེ་ཞང་ལ་དཀྱིལ་མཐོ་དོ་ཡོད།  རིང་ཐུང་ལ་འདོམ་པ༥ཕྱེད་ཡོད།    དེ་ཡང་སྦྲ་ལ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་སྣ་ཚོགས་ཤིག་ཡོད་པའང་ཤེས་པར་བྱ་དགོས།  སྤྱིར་སྦྲ་ལ་ཕོ་སྦྲ་དང་མོ་སྦྲའི་དབྱེ་བ་ཕྱེས་ཡོད་ཀྱང་འདིར་བཤད་རྒྱུ་མིན།   བཤད་སྲོལ་ལ་གོང་ཞུས་ལྟར་མི་ཉག་གི་སྦྲ་ནི་རུས་སྦལ་གྱི་དབྱིབས་དང་འདྲ་བས་ས་ཆ་གང་དང་གང་ལ་ཕུབ་ན་ས་དགྲ་དང་ཆུ་དགྲ་སོགས་འགོག་ཐུབ་ཅེས་བཤད་སྲོལ་ཡོད་པ་ཡིན། མི་ཉག་གི་སྦྲ་ནི་བོད་སྤྱི་ཁྱབ་ཀྱི་སྦྲ་ཐམས་ཅད་ཀྱི་མ་རྒན་ལྟ་བུ་ཡིན་ཞེས་གནའ་མི་རྒན་པོ་ཚོས་ནམ་རྒྱུན་བཤད་སྲོལ་ཡོད།   གང་ལྟར་ཡིན་ཀྱང་སྦྲའི་རྣམ་པ་ཁྱད་པར་ཅན་ཞིག་ཡོད།  འདིར་ངོ་སྤྲོད་མདོར་བསྡུས་ཙམ་མ་གཏོགས་བྲིས་མེད།  འདིའི་སྐོར་རྒྱས་པར་ཤེས་འདོད་ན་འབྲི་རུ་དཀོན་མཆོག་ཐུབ་བསྟན་གྱིས་བརྩམས་པའི་དམངས་ཁྲོད་རིས་འགྲེལ་སྲོལ་རྒྱུན་གསལ་བའི་མེ་ལོང་གི་ལྡེབ་མ༡༧༩ནས༢༠༢བར་དང་།  ཡང་ན་སྤྱི་ལོ༢༠༡༣ལོའི་ཟླ༡༢པར་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོས་ཕུད་པའི་ཁམས་བོད་ཞིབ་འཇུག་གི་ཤོག་གུ་ལྡེབ་མ༢༡༣ངོས་ཀྱི་ཟླ་བ་སྒྲོལ་མའི་སྦྲའི་རྩོམ་ཡིག་ལ་གཟིགས་དང་མཁྱེན་པར་འགྱུར་རོ།  །

མི་ཉག་གི་མཁར་རྩིག་ལག་ཤེས།

དེ་ཡང་ཁམས་མི་ཉག་གི་ཝ་ཁྲལ་དང་འབོ་གངས་དཀར། བོན་པོ་གཤིས། ས་བདེ། འགག་པ་བཅས་ལ་ཡོད་པའི་མཁར་རྫོང་ནི་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་བར་གྱི་ཡིན་ལ་དང་ཐོག་ནི་ཕྱི་རོལ་གྱི་དགྲ་བོ་འགོག་པའི་ཆེད་དུ་བཞེངས་པ་ཡིན་ཏེ་དགྲ་བོ་ཡོང་དུས་མཁར་རྫོང་གི་ཐོག་ལ་མེ་བསྒྲོན་ཏེ་དུ་བ་ཡིས་ཕན་ཚུན་བརྡ་བསྟན་པ་ཡིན། གླིང་ཆུ་ནི་གྱ་གྱུའི་འགྲོས་ཀྱིས་བཞུར་ལ་རི་བོ་མཐོན་པོས་མིག་བསྒྲིབས་ཏེ་ཐག་རིང་པོ་མཐོང་མི་ཐུབ་ཀྱང་མཁར་རྫོང་རྣམས་མཐོན་པོ་ཕན་ཚུན་མཐོང་ཐུབ་པས་མཁར་རྫོང་གཅིག་གི་ཐོག་ལ་དུ་བ་འཕྱུར་དུས་དེའི་རྗེས་སུ་གནས་པའི་མཁར་རྫོང་ཐོག་མེ་བསྒྲོན་ཏེ་བརྡ་བསྟན་རེས་བྱས། ཆིང་རྒྱལ་རབས་ཀྱི་རྗེས་སུ་མེ་སྒྱོགས་སོགས་བེད་སྤྱོད་པའི་དབང་གིས་མཁར་རྫོང་བཞེངས་པའི་སྲོལ་ཉམས་ཏེ་སྔར་ཡོད་ལས་མི་ཉུང་བ་ཞིག་ལོ་རྒྱུས་ཀྱི་རྗེས་ཤུལ་དུ་ལྷག་པ་རེད། ཁམས་མི་ཉག་གི་མཁར་རྫོང་ནི་ས་དེ་གའི་རྡོ་དང་རྡོ་ལེབ། ས་འདམ་བཅས་ལས་བརྩིགས་པ་ཡིན་ལ་ཕྱི་ནས་བརྗིད་ཉམས་ལྡན་པ་དང་དབྱིབས་ལ་ཟུར་བཞི་དང་ཟུར་ལྔ། ཟུར་དྲུག ཟུར་བརྒྱད་ཅན་སོགསམང་པོ་ཞིག་རྨིག་རྩ་ལ་གྲུ་བཞི་མ༢༠ནས༣༠བར་དང་མཐོ་ཚད་ལ་རྨི༡༠ནས༦༠ཙམ་ཡོད། ནང་རོལ་དུ་བརྩེགས་༤ནས་༥ཡོད་ལ་བརྩེགས་རེ་རེའི་ནང་དུ་སོ་རྒྱག་ས་དང་བོའུ་འཇོག་སའི་ཁུང་བུ་ཡོད། མཁར་རྫོང་དང་གྲོང་སྡེ་གཉིས་ནི་གཅིག་ལ་གཅིག་བརྟེན་ཚུལ་དུ་གནས་པས་ལྟ་བས་མི་ངོམ་པའི་ཉམས་ཤིག་འབུར་དུ་ཐོན་འདུག་པ་ནི་བོད་མི་དམངས་རྣམས་ཀྱིས་མཐོ་སྒང་གི་ཁོར་ཡུག་དང་བསྟུན་ནས་གདོད་མའི་འཛུགས་སྐྲུན་གྱི་རྒྱུ་ཆ་སྤྱད་དེ་རང་ལ་གོ་ཆོད་ཅིང་གཞན་ལ་ངོམ་ཆོག་པའི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་བསྐྲུན་པའི་རྟགས་རེད་ལ་ཡུན་རིང་གི་ལོ་རྒྱུས་ཀྱི་ནང་ལ་ས་འགུལ་ཆར་འཇིག་གིས་མ་གནོད་པར་བརྟན་བརླིང་ཞིག་ཏུ་གནས་ཐུབ་པ་ནི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་ངོ་མཚར་བརྗོད་ལས་འདས་པའི་བཟོ་རྩལ་གྱི་གཟི་བརྗིད་ཅིག་ཀྱང་ཡིན་ནོ། །

མི་ཉག་གི་རྡོ་རྩིག་ལག་ཤེས།

དེ་ཡང་དམངས་ཁྲོད་བཟོ་རྩལ་ལས་མི་ཉག་ཕྱོགས་སུ་དར་བའི(གཙོ་བོ་དར་མདོ་ས་ཁུལ)རྡོ་རྩིག་ཁང་པའི་འཛུགས་སྐྲུན་ལག་རྩལ་སྐོར་ཅུང་ཟད་གླེང་ན། ཐོག་མར་ཁང་པ་ཆེ་ཆུང་ཅི་འདྲ་ཞིག་འདོད་པ་དེ་ལུགས་ཀྱིས་ཐིག་གདབ་དགོས། ཁང་པ་ཆེ་ཆུང་དེ་ཡང་གཙོ་བོ་གྲངས་ཀ་མང་ཉུང་ལ་རག་ལས་ཏེ། ཀ་བ་གསུམ་ཅན་ནས་བཞི་ཅན། དྲུག་ཅན། བརྒྱད་ཅན། བཅུ་ཅན། བཅུ་གཉིས་ཅན་སོགས་ཡོད། མ་ཁང་ཀ་བ་བཅུ་གཉིས་ཅན་ནི་དེང་སང་ཁང་པ་ཆེ་བའི་གྲས་སུ་གཏོགས་ལ། མང་ཆ་བ་ནི་ཀ་བ་དྲུག་ཅན་དང་དགུ་ཅན་ཡིན་ནོ།  །དེང་སང་ནི་ཀ་བ་གསུམ་ཅན་ཡིན། མཐོ་ཚད་ནི་བརྩེགས་གསུམ་རེའི་སྟེང་པད་བརྩེགས་དང་དེའི་སྟེང་གྱོ་ལེབ་བམ་རྡོ་ལེབ་བཀབ་པས་མཐོ་བརྩེགས་ལྔ་རེ་ཡོད་དོ། །ས་ཐིག་བཏབ་རྗེས་རྩིག་རྨང་བརྐོ་དགོས་ཤིང་། གཏིང་ཟབ་ཚད་ནི་ས་འཕྲོའམ་རྨང་ས་ཞེས་པའི་ས་བྱེ་མ་ཅན་ལ་ཐུག་དགོས། དེ་ཡང་རེ་འགར་ཁྲི་ཙེ་གང་རེ་ཙམ་བརྐོས་ན་ཆོག་ལ། རེ་འགར་ནི་ཁྲི་ཙེ་དོ་ཙམ་དང་རེ་འགར་ནི་ཁྲི་ཚེ་ལྔ་རེ་ཙམ་ཡང་བརྐོ་དགོས་ཐུག་པ་སོགས་ནི་ཁ་སའི་མཐུག་སྲབ་ཀྱི་ཁྱད་པར་ལ་ཐུག་ཡོད། གནའ་སྔ་མོར། ས་འཕྲོས་ལ་ཐུག་རྗེས་རྩིག་རྨང་གི་ས་བརྡུང་ནས་སྲ་བརྟན་དུ་གཏོང་བའི་སྲོལ་ཡང་ཡོད་པར་གྲགས། རྩིག་རྨང་ལེགས་པར་བརྐོས་གྲུབ་རྗེས། དེའི་ནང་རྡོ་ཆེ་ཆུང་སྣ་ཚོགས་ཀྱིས་བརྫངས་དགོས། ཡུལ་སྐད་དུ་རྩིག་རྨང་སྒྲིག་ཟེར། དེ་རྗེས་འདམ་རྩིག་གི་མགོ་འཛུགས་དགོས། འདམ་རྩིག་བྱེད་ཚུལ་ལ་སྣ་ཚོགས་ཤིག་མཆིས་ཏེ། (༡)རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བའི་རྩིག་ཚུལ། (༢) གཡུང་དྲུང་ལག་སྦྲེལ་གྱི་རྩིག་ཚུལ། (༣) རྡོ་རྗེ་བྱ་རྩིག(༤) འཇང་རྩིག(གནའ་སྔ་མོ་འཇང་གིས་མི་ཉག་ས་ཁུལ་དབང་སྒྱུར་སྐབས་ནས་དར་བའི་རྩིག་ཚུལ་ཞིག་ཡིན་ཞེས་གྲགས། གནའ་སྔ་མོར་བརྩིགས་པའི་མཁར་རྫོང་མང་པོ་ཞིག་དེང་སང་ཡང་མཐོང་རྒྱུ་ཡོད་པ་དེ་ཚོའི་རྩིག་ཚུལ་ནི་འཇང་རྩིག་ཅེས་གྲགས་སོ། །

སྔོན་ཚེ་རྡོ་རྗེ་བྱ་རྩིགས་སམ་རིན་ཆེན་བྱ་རྩིག་དང་འཇང་རྩིག་གི་རྩིག་ཚུལ་སོགས་ཀྱང་། དེང་སང་ཆེས་དར་བ་ནི་རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བ་དང་། དེ་རྗེས་གཡུང་དྲུང་ལག་སྦྲེལ་གྱི་རྩིག་ཚུལ་སོགས་ཡིན་ཞིང་། དེ་མིན་རྡོ་ཡིས་འབྱོར་ན། དཀར་པོ་གྲལ་རེ། སེར་པོ་གྲལ་རེ། སྔོན་པོ་གྲལ་རེ་བྱེད་པའི་རྩིག་ཚུལ་ཡང་ཡོད་དོ། །

མི་ཉག་གི་ཁང་པ་རྙིང་པའི་ངོ་སྤྲོད།

དར་མདོ་རྫོང་གི་ས་བདེ་ཡུལ་ཤོག་གི་རྨིའུ་རོང་ཝ་ཡོད་གྲོང་པར་ལོ་ངོ་སྟོང་ཕྲག་བརྒལ་བའི་ཁང་རྙིང་ཞིག་ཡོད། ཁང་རྙིང་དེ་ཁང་པ་གཞན་དག་ལས་རྒྱ་ཆེ་ལ་བརྩེགས་མཐོ། ཁང་པ་དེའི་ནང་དུ་ད་ལྟ་ད་དུང་མི་ཚང་བསྡད་ཡོད་ལ་བཤད་སྲོལ་དུ་འཇང་ས་དམ་རྒྱལ་པོའི་དུས་ཀྱི་ཁང་རྙིང་ཞིག་ཡིན་པར་བཤད། དེ་སྔོན་ཕྱི་རྒྱལ་གྱི་གནའ་རྫས་རྟོག་དཔྱོད་པ་ཞིག་ཡོང་ནས་ཁང་རྙིང་དེ་ལས་ཤིང་དུམ་བུ་ཞིག་ཁྱེར་ནས་ཚན་རིག་གིས་གསལ་འབྱེད་བྱས་ཏེ་རྗེས་སུ་སླར་ཡང་དེ་གར་ཡོང་དུས་ཁང་པ་དེ་ནི་ལོ་ངོ་༡༠༠༠ནས་༡༧༠༠བར་དུ་བཞེངས་པ་ཞིག་ཡིན་ཚོད་འདུག་ཅེས་བཤད། ཁང་རྙིང་དེའི་ཁྱད་ཆོས་ནི་གྱང་ངོས་ཀྱི་སྒེའུ་ཆུང་ཆུང་རྣམས་ནི་བོའུ་རྒྱག་སའི་ཁུང་བུ་དང་འདྲ་ལ་ཕྱོགས་བཞིའི་རྩིག་ཞེང་ནི་སྨི་གཅིག་ལས་ལྷག་ཙམ་ཡོད། ནང་དུ་འཛུལ་སའི་སྒོ་ནི་ཧ་ཅང་རྒྱ་ཆེ་ལ་འགྲམ་གྱི་རྩིག་ངོས་སུ་རྟ་འདོགས་སའི་ཁུང་བུ་ཡོད། ཡ་མཚན་པ་ཞིག་ལ་སྨི་སྒོ་ཆེན་གྱི་ཐོག་ལ་བར་སྟོང་ཞིག་བཞག་ཡོད་ལ་དེ་ནི་དགྲ་བོ་ཡོང་དུས་ཐོག་ནས་མར་རྡོ་འཕེན་པ་དང་མདུང་བཙུགས་ཆོག་པའི་ཆེད་དུ་རེད་ཟེར། ཁང་པའི་བརྩེགས་དང་པོའི་ནང་དུ་ཀ་རྡོ་བཞི་ནས་བདུན་ཙམ་རྩིག་བརྩེགས་བྱས་ནས་དེའི་ཐོག་ལ་ད་གཟོད་ཀ་བ་བཙུགས་ཡོད། བཤད་སྲོལ་དུ་ཀ་རྡོ་ཇི་ཙམ་མང་ན་ཁྱིམ་ཚང་དེའི་སྟོབས་ཤུགས་དེ་ཙམ་ཆེ་བ་གཉེན་ཉེ་བ་དེ་ཙམ་མང་བའི་རྟགས་མཚན་ཡིན་པར་གྲགས། ཁང་པའི་ཀ་བ་དང་ཀ་མགོ། གདུང་རྟ་དང་གདུང་མ། བཀྲམ་ཤིང་བཅས་ལའང་གཞན་དང་མ་འདྲ་བར་སྐབས་དེ་དུས་ཀྱི་ཤིང་བཟོ་དང་ཁང་ལས་ཀྱི་ཁྱད་ཆོས་འབུར་དུ་ཐོན་འདུག ཁང་རྙིང་དེའི་བརྩེགས་དང་པོར་ད་དུང་རྒྱུ་ནོར་གསང་སྦས་བྱེད་ས་ཡོད་ཅིང་བརྩེགས་གསུམ་པར་ནང་པ་སངས་རྒྱས་ཀྱི་དགོངས་དོན་མཚོན་པའི་ལྡེབས་རིས་རྙིང་པ་རྣམས་ད་དུང་གསལ་པོར་མཐོང་ཐུབ་བོ།   །

ཞལ་འདག་བཟོ་པའི་ལག་ཤེས།

དེ་ཡང་ཞལ་བ་དང་རྩིག་སྦྱར་གྱི་འདག་བཟོ་བར། ཐོག་མར་འདག་བཟོ་བྱེད་ཀྱི་རྒྱུ་སའི་སྤུས་ཀར་བརྟག་དགོས་ཏེ། འདགས་ལ་བྱེ་མ་མི་འདྲེས་ཤིང་རྡོ་ཉུང་བ། སའི་རྒྱུ་མཉེན་ལ་འབྱར་རྩི་ཅན་གས་སྐྱོན་ཆུང་ཞིང་ཆུ་ཁྱོག་ཡོད་པ། བ་ཚྭ་མ་འདྲེས་པའི་ས་དེ་འཚག་རྡུང་ལེགས་པར་གྲུབ་པར་ཤོག་འདམ་དང་སོ་མཱ་ཛཱའི་གཙགས་བྱེད་ཕྱེ་སོགས་བསྲེས་ནས་བྱ། གཟབ་བྱ། ས་ལ་འབྱར་རྩི་མེད་ན་གོག་སླ། ཆུ་ཁྱོག་མེད་ན་རླན་ཕོག་པ་ཙམ་གྱིས་འཇིག་བྱེ་མ་འདྲེས་ན་འབྱར་དཀའ་ཞིང་གོག་མགྱོགས་བ་ཚྭ་འདྲེས་ན་རླན་གྱིས་གནོད་ཅིང་ཡུན་རིང་ན་ཞལ་བ་བྱ་ཡུལ་གྱི་གྱང་རྩིག་པ་སོགས་ཀྱང་འཇིག་ཉེན་ཆེ། རྡོ་འདྲེས་ཤིང་བརྡུང་མ་ཐུབ་ན་ཞལ་བ་འཇམ་པོ་མི་འོང་བས་གཟབ་གལ་ཆེ། ཞལ་བ་འཛིན་བྱེད་མཆོག་གོང་སྨོས་ཀྱི་ཤོག་འདམ་དང་སོ་མ་རཱ་ཛཱ་གཉིས་ཡིན་པ་ལ། མ་འཛོམས་ན་གྲོ་ནས་ཀྱི་ཕུ་མ་བསྲེ་བའང་ཡོད་ཀྱང་། རི་མོ་འབྲི་གཞི་ལ་ནི་ཇི་ཙམ་དབུར་ཡང་འཇམ་པོ་འོང་དཀའ་བས་མི་འོས། རྩིག་པའི་བར་མཚམས་སྦྱར་བྱེད་རིགས་ཀྱི་འདག་ནི་ནང་དུ་འབྲས་ཁུ་བླུགས་ན་དེ་ལ་འབྱར་རྩིས་མཆོག་ལྡན་པས་བཟང་ཞིང་། དུས་ཚོད་ཡུན་རིང་དུ་སོང་ན་དེ་བས་ཀྱང་སྲ་བར་འགྱུར་ཞེས་ལག་ཤེས་རྒན་པོ་ཚོས་བཤད་དོ། །

མི་ཉག་རྟའུའི་སྡོད་ཁང་གི་ཁྱད་ཆོས།

སྔོན་བྱོན་མེས་པོ་དག་གིས་རྡོ་དང་དབྱུག་པའི་ལག་ཆ་བྱས་ཤིང་རི་དྭགས་བརྔོན་ཏེ་འཚོ་ཐབས་བྱེད་པ་སོགས་ནས་བཟོ་རིག་ལག་ཤེས་དར་བའི་དབུ་བརྩམས་པ་ཡིན། མེས་པོ་རིམ་བྱོན་དེ་དག་གིས་རང་ཉིད་ཀྱི་འཚོ་བར་ཕན་དུ་གདགས་པའི་དངོས་པོ་མང་པོ་ཞིག་བློ་རིག་གིས་གསར་དུ་བསྐྲུན་ཏེ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཡུན་རིང་པོ་ཞིག་འགོར་བའི་དེ་རིང་གི་བར་དུ་མི་རིགས་ཤིག་གམ་ས་ཁུལ་ཞིག་གི་ཚབ་དང་མཚོན་བྱེད་དུ་གྱུར་

ཡོད་པའང་གང་མང་མང་རེད། དེ་ལས་ཆེས་ངོ་མཚར་བ་ནི་ཁམས་མི་ཉག་རྟའུ་ཡུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལག་ཤེས་དེ་རེད། སྤྱིར་རྟའུ་ཡུལ་ཕྱོགས་ནི་མི་ཉག་རབ་སྒང་རིང་མོའི་སྒང་རྒྱུད་དུ་གཏོགས་པའི་རྟའུ་ཡི་ལྷོ་ཕྱོགས་ཀྱི་གནས་རི་ནས་དེའུ་ཕྱུག་མོ་ཞེས་རི་བོ་མཛེས་ཤིང་ནགས་ཚལ་ཚང་ཚིང་འཁྲིགས་པ་དེའི་རི་འདབས།   གཤིས་ཆུ་དལ་འབབ་རིང་མོ་ལྷུང་ལྷུང་དུ་འབབ་པའི་གཡས་གཡོན་ན་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་ལྷུན་ཆགས་ངང་གནས་ཤིང་བརྗིད་ལྡན་གྱི་རི་བོ་ཞིག་ཡིན། ཤར་དུ་དམུ་རྗེ་ཉག་ག་ཡན་ཆད་དང་། ལྷོ་རྒྱུད་དུ་ཁམས་ཉག་ཆུ་རྫོང་དང་འབྲེལ་ལ། ནུབ་ཏུ་ཏྲེ་ཧོར་ཤྭ་རྭ་ཐང་། བྱང་དུ་རྒྱལ་མོ་ཚ་བ་རོང་གི་ས་རྒྱུད་དང་འབྲེལ་བའི་ཡུལ་སྡེ་སྤྱིའི་མིང་ལ་རྟའུ་ལུང་པ་ཞེས་བརྗོད་ཅིང་། ཡུལ་གྲུ་དེ་གའི་སྡོད་ཁང་འཛུགས་སྐྲུན་གྱི་ལག་རྩལ་ནི་བོད་ཁམས་ཡོངས་ལ་མཐོང་དུ་དཀོན་པའི་ཁྱད་ཆོས་འབུར་ཐོན་གྱི་འཛུགས་སྐྲུན་ལེགས་པོ་ཞིག་ཡིན་པ་མ་ཚད་དུས་རབས་འདིའི་དུས་མགོ་ནས་མཚན་གྱི་སྙན་པའང་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ནས་རིམ་གྱིས་རྒྱས། རྟའུ་ཡུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལག་རྩལ་ནི་ཡུལ་འདིའི་སྔོན་བྱོན་མེས་པོ་དག་གིས་དཀའ་སྤྱད་ཀྱི་བརྩོན་པ་དང་བློ་དང་རིག་པའི་འཆར་སྒོ་ལས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ད་ལྟའི་ཕྱི་ནས་བལྟས་ན་མིག་ལ་མཛེས་ཤིང་ནང་དུ་བསྡད་ན་གཞལ་ཡས་ཁང་ཞེས་པ་དང་གཉིས་སུ་མ་མཆིས་པའི་བཟོ་བཀོད་ཕུན་སུམ་ཚོགས་པའི་སྡོད་ཁང་འདི་བསྐྲུན་ནས་ཕྱི་ཡི་བཟོ་བཀོད་གྲུབ་ཅིང་།  ཤིང་གི་ཀ་བ་གདུང་མ་སོགས་ནང་གི་བཟོ་བཀོད་མ་ལུས་པ་འགྲུབ་པར་བྱེད་དགོས་ལ། ཁང་པ་ལ་གནམ་སྒྲོག་དང་ས་སྒྲོག་བརྒྱབ་སྟེ་སྲ་ཞིང་མཁྲེགས་ལ་བརྟན་ཞིང་བརླིང་བའི་ངོ་བོར་གྲུབ་པས་ས་འགུལ་སོགས་རང་བྱུང་གི་གནོད་པ་འགོག་པར་ཐུན་མིན་གྱི་ཆ་རྐྱེན་ཧ་ཅང་བཟང་པོ་ལྡན་ཡོད། ཁང་པའི་ཕྱི་ངོས་ཀྱི་རྩིག་པར་ས་དཀར་པོའི་མདོག་སེར་ཞེད་ཅན་གྱི་ཚོན་མདངས་བྱུགས་པ (དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཕྱི་ཡི་རྩིག་པ་ནི་རྩིག་རྡོ་ཆེན་པོ་རེ་རེའི་བར་དང་གསེང་ལ་རྡོ་གཡའ་མ་ཆུང་ཆུང་གིས་ཁྲ་བརྒྱབ་སྟེ་མཐའ་བཞི་རུ་གཡུང་དྲུང་དང་ལྕགས་རི་སོགས་མཛེས་རིས་ཀྱིས་བརྒྱན་པའི་རྣམ་པ་ཞིག་ཀྱང་ཆགས་ཡོད་པ།) དང་། ཐོག་བརྩེགས་ཕལ་ཆེར་གཉིས་རེ་ཅན་ཡིན་ལ་ཐོག་བརྩེགས་གཉིས་པའི་སྟེང་ན་རབ་གསལ་ལམ་དང་ཉིན་ར་ཡོད་པས་ཁོད་ཡངས་ལ་ཁམས་དྭངས་པའི་སྣང་བ་ཞིག་ཀྱང་ངང་གིས་སྟེར་སྲིད། ཐོག་བརྩེགས་དེའི་སྟེང་དུ་སྐུ་གསུང་ཐུགས་རྟེན་བཞག་སའི་མཆོད་ཁང་དང་། ཟས་གཡོས་སྦྱོར་བྱེད་སའི་ཐབ་ཚང་། མགྲོན་པོ་སྣེ་ལེན་བྱེད་སའི་མགྲོན་ཤག་སོགས་ཀྱི་བཀོད་སྒྲིག་བཅས་བྱས་ཡོད། ནང་གི་བཟོ་བཀོད་ཡོངས་རྫོགས་ནི་ཤིང་གིས་བཟོ་དགོས་པས་ཤིང་ཆའི་རིགས་ནི་རྟའུ་སྡོད་ཁང་འཛུགས་སྐྲུན་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། རྟའུའི་ཡུལ་ཕྱོགས་ཀྱི་རི་ལུང་ཀུན་ཏུ་གསོམ་སྡོང་དང་ཤུག་སྡོང་སོགས་ལྗོན་ཤིང་རིགས་ཀྱིས་ནགས་ཚལ་སྟུག་པོ་འཁྲིགས་ཡོད་པས་རྟའུ་སྡོང་ཁང་གི་འཛུགས་སྐྲུན་ལ་ཆ་རྐྱེན་ཐོག་མའང་དེ་ནས་འཛོམས་ཡོད་པ་རེད། ཁང་བའི་ནང་གི་པང་ལེབ་དང་མཆོད་ཁྲི། གནམ་རྒྱན། ཉལ་ཁྲི། ཅོག་ཙེ་སོགས་བོད་ཀྱི་ཐུན་མིན་གྱི་བཟོ་རིག་ལག་རྩལ༼དེང་སྐབས་མི་རིགས་གཞན་གྱི་ལག་རྩལ་ཅུང་ཟད་འདྲེས་པའང་ཡོད༽པར་མ་ཚད་བཀྲ་ཤིས་པའི་རི་མོ་དང་། གཅན་གཟན། རི་དྭགས། ཡུལ་ལྗོངས་སོགས་ངོ་མཚར་བའི་རི་མོ་མང་པོ་འབུར་བརྐོས་དང་། དྲས་ནས་བརྐོས་པ་སོགས་ཀྱི་རྣམ་པས་བཟོ་བསྐྲུན་བྱས་པ་ཡིན་པས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་ངང་གིས་དོད་པ་དེའི་སྟེང་དུ།  སྒོ་དང་སྐར་ཁུང་། ཀ་གདུང་སོགས་སུ་ཤིང་ཚོན་དང་ལྷ་བཟོ་ཚོས་ཚོན་བྱུགས་པ་དང་མཛེས་རིས་སྣ་ཚོགས་བྲིས་ཏེ་ངོ་མཚར་ལྡན་པའི་བརྒྱན་ཅིང་རི་མོ་དེ་དག་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད་པས་རྟའུ་ཡི་སྡོད་ཁང་ཞེས་པའི་མཚན་སྙན་གྱི་མིང་ཡང་དོན་ལ་གནས་པ་ཞིག་ཏུ་འཁུམས་འདུག་པ་ཡིན་ནོ། །


  • ལེ་ཚན་སྔོན་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༤༽
  • ལེ་ཚན་རྗེས་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༦༽