སྙིང་ཉེ་བ།

ལི་པ་ནན་ཅི་པོ་ལུན་གྱིས་བརྩམས།བློ་བརྟན་གྱིས་བསྒྱུར།    བོད་སྐད་ཡིག་ལས་དོན་དུས་དེབ།    2010-05-28

ཆེས་ཐོག་མའི་རེ་སྒུག
འདི་ནི་ཚེ་སྲོག་གི་དྭངས་ཁ་དང་བཟི་ཁེའི་དབྱེ་མཚམས་སྐད་གཅིག་མ།
འདི་ནི་སེམས་ཁོངས་ན་འབར་བའི་ཆེས་ཐོག་མའི་མེ་ལྕེ་དམར་པོ།
འདི་ཡང་གསང་བ་ལྐོག་གྱུར་གྱི་དབུགས་རིང་སྟེ།
ཡིད་ཀྱི་རྒྱུད་དྲུག་ལས་དཀྲོལ་བའི་སྙན་དབྱངས་ཐོག་མ།
འདི་ཡང་ཆེས་ཐུང་བའི་དུས་སྐབས་ཏེ།
སྔར་སོང་གི་གཏམ་རྒྱུད་བསྐྱར་མར་ཤོད།
མཚན་དགུང་གི་རྨི་ལྟས་ཤར་མར་འགྲེལ།
ད་དུང་ཕྱིས་འབྱུང་གི་ཡོད་ཚད།
འདི་ནི་འདོད་ལྷའི་དབང་པོས་བཤོས་པའི་ས་བོན་ཏེ།
དུང་བས་ཡིད་ཀྱི་ཞིང་སར་བཏབས།
བརྩེ་བས་མྱུ་གུའི་ཁོ་ལག་རྒྱས།
སེམས་པས་འབྲས་བུའི་ལོ་ཏོག་སྨིན།
སྙིང་ཉེ་མ་ཁྱོད་ཀྱིས་བརྩེ་མདངས་གི་བུང་བའི་མིག་ཟུང་ཀེམ་ཀེམ་དུ་གཡོ་དུས།
བདག་བློའི་ཡིད་ཀྱི་མེ་ཏོག་ལྷག་ལྷག་ཏུ་བགད།ཆེམ་ཆེམ་དུ་བཀྲ།
  གཉེན་སྟོན།
འདི་ན་བརྩེ་ཞེན་གྱི་སྦྲང་ཆར་སིམ་མས།
འཚོ་བཞེས་ཀྱི་བགྲོད་ལམ་གཡུ་ལོས་བཏུམས་མེ་ཏོག་གིས་གང་།
དྲན་སྣང་གི་གསང་བ་ཡོད་ཚད།
རང་གཟུགས་ཤར་བདེ་བས་ཁེངས།
གཉེན་སྟོན།
དམར་ཆུང་གི་སེམས་པ་གཉིས་ཡུག་གཅིག་ཏུ་འགྲིལ་དོན།
ཡངས་པའི་འཇིག་རྟེན་ན་སྙིང་ཆུང་གཞན་ཞིག་གི་འཕར་ལྡིང་ཕྱིར།
གཉེན་སྟོན།
འགྱུར་མེད་ཀྱི་བྲོ་མནའ་ལྷག་བསམ་གྱི་བོར་དོན།
སྨག་རུམ་གྱི་འཇིག་རྟེན་ན་ཞི་བའི་འོད་སྣང་འཁྱབ་ཕྱིར་ཏེ།
འདི་ཡང་ཇ་ལོ་དང་མར་ཁུ་སྲུབ་ཤིང་གིས་བསྲུབས་པའི་དཀྲུག་ཇ་དྭངས་མ།
ཐག་སྣེ་དང་ཐག་མཇུག་མདུད་པ་གཅིག་ལ་བསྒྲིལ་བའི་སེམས་པ་དམར་པོ།
ཡོད་ཚད་ཞོགས་པའི་ཉི་ཟེར་ཇི་བཞིན།
འོས་ཐིག་སྤྲིན་དང་འདྲེས་ཟེར་བརྒྱ་ས་གཞིར་ཐིམས།
གལ་ཏེ་སྙིང་ཉེ་མའི་ཟུར་མིག་ལས་ཆས་པའི་ཆེས་ཐོག་མའི་རེ་སྒུག་དེ་འདོད་ལྷས་བཤོས་པའི་ས་བོན་ཞིག་ཡིན་ཚེ།
གལ་ཏེ་སྙིང་ཉེ་མས་ཕུལ་བའི་ཆེས་ཐོག་མའི་འོ་ཆུ་དེ་སྲོག་གི་ཤིང་རྩེར་སྐྱེས་པའི་མེ་ཏོག་དང་པོ་དེ་ཡིན་ན།
གཉེན་སྟོན་ནི་མེ་ཏོག་དེ་ལས་འབུས་པའི་འབྲས་བུ་ཐོག་མ་དེའོ།
 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།: སྙིང་ཉེ་མ།