ཚོད་ཚོད་ལ་ང་རང་རྒས་སོང་།

གངས་ཆར།        2018-06-06

     འཆར་ནུབ་ཀྱི་ཉི་ཟླའི་གོམ་འགྲོས། ཆུ་ཚོད་ཀྱི་འཁོར་ལོ་དང་ལྷན་དུ་འགྲོགས། སེམས་ངོས་སུ་མགྱོགས་དྲགས་པའི་ཉི་ཟླའི་གོམ་འགྲོས། བདེན་པའི་ངོས་སུ་བརྡར་ཟིན་པའི་ཆུ་ཚོད་ཀྱི་འཁོར་ལོའི་སྒྲ། ཉིན་མཚན་འཁོར་ལ། རྒྱུན་ཆད་མེད་པར་འཁོར། སྣང་བའི་ངོས་སུ་མགྱོགས་དྲགས་པའི་དུས་ཚོད། ཁ་བ་དཀོན་པའི་དགུན་དུས་ཀྱི་སྐྱོ་ངལ་ཞིགསེམས་སུ་བབས་པའི་ཁ་བའི་སྒྲ་གཅིག་པུས། ལྷིང་འཇགས་ཀྱི་ལོ་ཟླ་དེའི་རྨི་ལམ་དཀྲོགས་པར་བྱས།

     ལོ་ཟླ་དེར་ང་རང་རྨི་ལམ་མང་པོ་རྨིས་མྱོང་། དབྱར་ཁ། ཆར་སྒྲ་ཡིས་སེམས་པ་བརླན་པ་རྨིས་མྱོང་། དགུན་ཁ། གྲང་ངར་གྱི་ནམ་ཟླར་ཁ་བ་སྔས་སུ་བྱས་པ་རྨིས་མྱོང་། སྟོན་ཁ། ལོ་ལེགས་ཀྱི་འབྲས་བུ་ཞིང་གྲོང་དུ་སྨིན་པ་རྨིས་མྱོང་། དཔྱིད་ཀ། ཞིང་ལ་མྱུ་གུ་ལེགས་པོ་ཞིག་འབུས་པ་རྨིས་མྱོང་།

ཕ་ཡུལ་ནས། གསལ་བྱེད་ཀྱི་འོད་ཟེར་ཕྱོགས་བཅུར་ཁྱབ་པ་རྨིས་མྱོང་། གསལ་བྱེད་ཀྱི་འོད་ཟེར་ལས་མུན་པའི་རྒྱལ་སྒོ་ཕྱེ་བ་རྨིས་མྱོང་། རྫོགས་མཐའ་མེད་པའི་རྨི་ལམ་ཁྲོད་ནས། ཚོད་ཚོད་ལ་ང་རང་རྒས་སོང་།

     ཉི་ཟླའི་གོམ་བགྲོས་ཀྱིས་ཡོད་ཚད་རྒས་འགྲོ་བ་དཔང་པོ་བྱེད་སྲིད་ལ། ཆུ་ཚོད་ཀྱི་འཁོར་ལོ་ལས་ཡོད་ཚད་རྫོགས་འགྲོ་བའི་ཆོས་ཉིད་མཐོང་། ཁ་བའི་དཀོན་པའི་ནམ་ཟླ་འཇིག་རྟེན་ཞིག་གི་ངོ་བོ་ཡིན། སེམས་སུ་བབས་པའི་ཁ་བའི་སྒྲ་ཡང་འཇིག་རྟེན་ལ་ཞེན་ཚུལ་ཞིག དུས་བཞིའི་རྨི་ལམ་དང་ཕ་ཡུལ་གྱི་རྨི་ལམ་དག་ཚོད་ཚོད་ལ་ང་རང་རྒས་འགྲོ་བའི་དཔང་པོ་དང་། ཚོད་ཚོད་ལ་ང་རང་རྒས་འགྲོ་བའི་བརྒྱུད་རིམ་ཉག་ཅིག་གོ


  • ལེ་ཚན་སྔོན་མ།:སེམས་ངལ་དང་ལུས་ངལ།
  • ལེ་ཚན་རྗེས་མ།:མཐོ་རྒྱུགས་ཀྱི་གཡུལ་ལས་རྒྱལ་བར་སྨོན།