ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་མི་ཉག་བར་གྱི་འབྲེལ་བ།

མི་ཉག་ཐུབ་བསྟན་ཆོས་དར།        2018-06-06

ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་མི་ཉག་བར་གྱི་འབྲེལ་བ།

དང་པོ། རྣམ་ཐར་བསྡུས་པ།

རབ་བྱུང་གཉིས་པ་ལྕགས་སྟག་ལོར་ཁམས་ཏྲེ་ཤོད་ཀྱི་ཡུལ་ར་སྟག་དུ༼དེང་དཀར་མཛེས་རྫོང་གསེར་ཁོག་ཤང༽ཡབ་གཤིན་རྗེའི་རྣལ་འབྱོར་པ་སྔགས་འཆང་སྒོམ་པ་རྡོ་རྗེ་དང་ཡུམ་ལྷ་ཐོག་བཟའ་སྒང་ལྕམ་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་སོ།། ༼སྤྱི་ལོ1110-1193=84 རབ་བྱུང2ལྕགས་སྟག - རབ་བྱུང3 ཆུ་གླང་།༽མཚན་ལ་དགེ་འཕེལ་དང་། ཆོས་ཀྱི་གྲགས་པ། ཁམས་པ་དབུ་སེ། ཆོས་ཀྱི་རྗེ་ཀརྨ་པ་དུས་གསུམ་ཁྱེན་པ། གྲུབ་ཆེན་པ་ཞེས་འབོད་དོ།། བྱིས་པའི་དུས་སུ་མེས་པོ་སྒོམ་པ་སྟོང་དཔོན་ཤེས་རབ་མགོན་པོ་དང་ཡབ་ཆེན་གྱི་དྲུང་ནས་སློབ་གཉེར་མཛད། དགུང་ལོ་བཅུ་གཅིག་སྟེང་ལྷ་མོ་རང་བྱུང་རྒྱལ་མོ་སོགས་བསྒྲུབས་པས་དགུང་ལོ་བཅུ་བདུན་པ་ལ་བྲག་ལ་ཞབས་རྗེ་འཇོག་པ་སོགས་སྒྲུབ་རྟགས་མངོན་དུ་གྱུར་པའོ།། དགུང་ལོ་བཅུ་དྲུག་སྟེང་ཏྲེ་བོ་ཆོས་འཁོར་ཀ་བྲག་ཏུ་དགེ་སློང་ཚུལ་ཁྲིམས་མཆོག་དང་ཆག་སེང་གེ་གྲགས་བཅས་ལས་རབ་བྱུང་གི་སྡོམ་པ་བཞེས་ཤིང་མཚན་ལ་ཆོས་ཀྱི་གྲགས་པ་ཞེས་གསོལ་བའོ།། དགུང་ལོ་བཅུ་དགུའི་སྟེང་དབུས་ཕྱོགས་སུ་ཕེབས། དགུང་ལོ་ཉི་ཤུ་པ་ལ་སྟོད་ལུང་རྒྱ་དམར་བ་དང་། ཕྱྰ་བ་ཆོས་ཀྱི་སེང་གེ་གཉིས་ལས་དབུ་མ་རང་རྒྱུད་ཤར་གསུམ་དང་ཚད་མ། བྱམས་ཆོས་བཅས་གསན། མལ་འདུལ་འཛིན་དང་ཡེ་ཤེས་བློ་གྲོས་བཅས་ལས་དགེ་སློང་གི་སྡོམ་པ་བཞེས། འདུལ་བ་ལ་མཁས་པར་གྱུར། པ་ཚབ་ཉི་མ་གྲགས་པ་ལས་དབུ་མ་རིགས་ཚོགས་གསན། དགེ་བཤེས་ཤ་ར་བ་ཤེས་རབ་རྡོ་རྗེ་དང་། མི་ཉག་རྒ་ལོ་གཞོན་ནུ་དཔལ་གཉིས་ལས་བཀའ་གདམས་ཆོས་སྐོར་གསན། གཞན་ཡང་རྒ་ལོའི་དྲུང་ནས་དུས་འཁོར་དང་སྦྱོར་དྲུག་དང་སྐྱེད་རྫོགས་ཀྱི་གདམས་པ་སོགས་ཆོས་མང་དུ་གསན་ནོ།། མི་ལོ་བཅུའི་རིང་ལ་ཐོས་བསམ་གཙོ་བོར་མཛད། དེ་ནས་དགུང་ལོ་སུམ་ཅུའི་སྟེང་དྭགས་པོའི་ཡུལ་དུ་ཕེབས་ནས་ཆོས་རྗེ་སྒམ་པོ་བ་ཐུན་མིན་གྱི་བླ་མར་བསྟེན་ཏེ་དགྱེས་རྡོར་གྱི་དབང་དང་གདམས་ཁྲིད་རྣམས་རྫོགས་པར་བཞེས། ཆོས་རྗེའི་བཀའ་བཞིན་ཟངས་རི། སྒམ་པོ། འོལ་ཁ། ཕན་ཡུལ་བྱ་བཟང་བྲག། མོན་ཡུལ་ཤ་འུག་སྟག་སྒོ། ཇོ་མོ་གངས་དཀར་སོགས་སུ་ཕེབས་ཏེ་ཁྲིད་སྦྱོང་མི་ལོ་བཅུ་གཉིས་མཛད། གྲུ་བཞི་དགོན་སོགས་ནས་བཤད་སྒྲུབ་གཉིས་ཀ་མི་ལོ་བརྒྱད་གནང་། མདོར་ན་དབུས་གཙང་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་ཏེ་མི་ལོ་སུམ་ཅུ་ལ་བཞུགས་སོ།། དགུང་ལོ་ལྔ་བཅུའི་སྟེང་བླ་མའི་བཀའ་བཞིན་ཁམས་ཕྱོགས་སུ་ཕེབས། ཐོག་མར་མདོ་ཁམས་ཀྱི་ཆུ་ཆེན་ལས་ཟླ་ཆུའི་རྒྱུད་ཀྱི་མཁར་གསར་སོགས་སུ་བསྟན་འགྲོའི་དོན་མཛད་དེ་མི་ལོ་གཉིས་ལ་བཞུགས། དེ་ནས་ཏྲེའི་རག་ཏམ་ཕ་བོང་ལ་ལྷ་ཁང་མཆོད་རྟེན་སོགས་བཞེངས་ནས་མི་ལོ་གཉིས་ལ་བཞུགས། དེ་ནས་མདོ་སྨད་ཀཾ་པོ་གནས་ནང་སོགས་སུ་གདན་ས་མཛད་དེ་མི་ལོ་བཅུ་དགུ་ལ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་བཞུགས། སྐབས་དེར་འཛམ་ཡུལ་གངས་དཀར་པོར་ཕེབས། ལྡེབ་ཡང་ཕུག་དགོན་པ་བཏབ། དགུང་ལོ་དོན་བཞིའི་སྟེང་སླར་ཡང་དབུས་ལྷ་ལྡན་དུ་ཕེབས་པའི་མགོ་བརྩམས། ཐོག་མར་ཏྲེ་བོར་ཕེབས། དེ་ནས་འབྲི་རྒྱུད་དང་ཟླ་རྒྱུད་ཀྱི་གདུལ་བྱ་རྣམས་ཀྱི་འགྲོ་དོན་མཛད་བཞིན་ཁམས་རི་བོ་ཆེར་ཕེབས། སྤྲུལ་ལོར་ཁམས་ཆ་མདོའི་ཡུལ་དུ་མདོ་ཁམས་ཀརྨ་དགོན་པ་བཏབ། དེ་ནས་དགུང་ལོ་བདུན་བཅུ་དོན་བརྒྱད་ལ་མཚུར་ཕུ་ཕེབས། དགུང་ལོ་བརྒྱད་ཅུ་ལ་མཚུར་ཕུ་དགོན་པ་བཏབ། འཚོགས་པ་བཞི་སྟོང་མཛོམས། དགུང་ལོ་གྱ་བཞི་ལ་མཚུར་ཕུ་ནས་སྐུ་མྱ་ངན་ལས་འདས་སོ།།

ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་མི་ཉག་བར་གྱི་འབྲེལ་བ།

གཉིས་པ། མི་ཉག་དང་འབྲེལ་བ།

མི་ཉག་ཅེས་པ་འདི་མདོ་དབུས་ཁམས་ཀྱི་ཡུལ་གྲུ་ཆེན་པོ་གསུམ་ན་གནས། དཔེར་ན་དབུས་གཙང་ལ་སྟོད་ཀྱི་དམར་མི་ཉག། ཀོང་པོ་ན་མི་ཉག་རྟོགས་ལྡན་གྱིས་བཏབ་པའི་མདོ་ཆེན་དགོན་པ། ཙོང་ཁ་ཁྲི་ཁའི་མི་ཉག་སྡེ་པ། ཤིས་ཞཱའི་ཡུལ་ན་བྱང་མི་ཉག། ཁམས་ཕྱོགས་ན་ཁམས་མི་ཉག་སོགས་སོ།། སྐབས་འདིར་བརྗོད་པའི་མི་ཉག་ནི་ཁམས་མི་ཉག་དང་བྱང་མི་ཉག་གཉིས་ཀ་ཡིན།ཁམས་མི་ཉག་ནི་བོད་ཀྱི་དེབ་ཐེར་དག་ལས་ཤར་མི་ཉག་ཅེས་འབོད་པ་དེ་ཡིན། དེ་ནི་མི་ཉག་གི་ཐོག་མའི་འབྱུང་ཁུངས་དང་ལྟེ་བ་ལྟ་བུ་ཡིན་ནོ།། བྱང་མི་ཉག་ནི་བཙན་པོ་སྲོང་བཙན་སྒམ་པའི་དུས་སུ་ཐོ་པ་ཁྲི་གཙུག(拓拔赤辞)སོགས་ཐང་ལ་མགོ་བཏག་ནས་བྱང་ཕྱོགས་སུ་གནས་སྤོས་པས་བྱང་མི་ཉག་ཅེས་པའི་ཐ་རྙེད་དེ་བྱུང་། དེ་ནས་ཐང་གོང་མ་སོགས་ཀྱི་འོག་ཏུ་ཡུན་རིང་བསྡད། སིང་གི་དུས་སྤྱི་ལོ ༡༠༨༣ ལོར་ཤིས་ཞཱའི(西夏)ཡུལ་དུ་རྒྱལ་ཁབ་བཙུགས། དེང་སྐབས་ཡང་རྒྱལ་པོ་བང་སོ་སོགས་མཇལ་རྒྱུ་ཡོད། རྒྱལ་རབས་རིམ་བྱོན་གྱིས་རྒྱ་དང་སོག་པོ། ཡུ་གུར། མདོ་སྨད་ཀྱི་ཡུལ་མང་པོ་ལ་དབང་བསྒྱུར།  སྤྱི་ལོ ༡༢༢༧ ལོ་སོག་ཇུན་གར་ཧན་ལ་རྒྱལ་ས་ཤོར། དེ་ནས་རྒྱལ་རབས་འཐོར་ཞིག་ཏུ་སོང་བའོ།།

ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་མི་ཉག་བར་གྱི་འབྲེལ་བ།


དང་པོ། ཁམས་མི་ཉག་དང་འབྲེལ་བ། 

《བཀའ་བརྒྱུད་གསེར་ཕྲེང》ལས་ལྡེབ ༥༩ ན། ཀརྨ་པ་དུས་གསུམ་མཁྱེན་པའི་རྣམ་ཐར་ཀྱི་སྐབས་ན། “རོང་པོ་ཁམས་གསུམ་གྲགས་ནི་རྣལ་འབྱོར་པ་སྔགས་པའི་ཚུལ་ཏེ་སོག་རོང་དུ་བྱུང་། སྔགས་མཆོག་བལ་པོ་ཞེས་པས་གླ་ལི་ན་རྫ་བཀྲ་རིན་ཆེན་སྒང་བཏབ།”ཅེས་གསུངས་པས་རོང་པོ་ཁམས་གསུམ་གྲགས་ནི་གངས་དཀར་དགོན་རྙིང་ཞེས་གྲག། དེང་མི་ཉག་གངས་དཀར་ཤང་གི་མངའ་འོག་ན་ཡོད། གླ་ལི་རྫ་བཀྲ་རིན་ཆེན་སྒང་ནི་རི་ཁུད་དགོན་པའི་དགོན་རྙིང་ཡིན་པར་གྲག། དེང་མི་ཉག་ཕུང་པོ་གཤིས་ཤང་གི་མངའ་འོག་ན་ཡོད་དོ།།

གཉིས་པ། བྱང་མི་ཉག་དང་འབྲེལ་བ། 

《བཀའ་བརྒྱུད་གསེར་ཕྲེང》ལས་ལྡེབ༢༡ན། ཀརྨ་པ་དུས་གསུམ་མཁྱེན་པའི་རྣམ་ཐར་ཀྱི་སྐབས་ན། “ལན་ཞིག་རྒྱ་ནག་ཏོང་ཀུན་གཟིགས་པ་ལ་བྱོན་ནས་སེ་ཚང་མཁར་དུ་ཕེབས་ཙ་ན་དགེ་བཤེས་ཤེས་རབ་བླ་མ་ཕྱུག་པོ་ཞིག་གི་བུར་སྐྱེས་འདུག། འདིས་ཁོ་བོ་ངོ་ཤེས་སམ་མི་ཤེས་སྙམ་དུ་དགོངས་པའི་ཚེ། ཁོ་དགོད་པ་ལ་སོགས་པ་དགའ་བའི་རྟགས་འདུག་སྟེ། ཤེས་པར་བྱུང་གསུངས། རྒྱ་ནག་ཏོང་ཀུན་གྱི་བཀོད་པ་ཡང་གསལ་བར་གཟིགས་སོ།།”ཞེས་དང་། ཡང་ལྡེབ ༢༢ ན། “ཀ་བྲག་གི་དགེ་བཤེས་ཚུལ་ཁྲིམས་མཆོག་གིས། ཨ་ཙ་ར་ཞིག་རྒྱ་གར་ནས་ཏོང་ཀུན་དུ་མར་སོང་ནས་ས་སྐྱར་ཡར་འོངས་པས་རྒྱ་ཡིག་ཞིག་ཁྱེར་ནས་འདི་བླ་མ་འདི་ལ་ཕུལ་ཟེར་བའི་ཡི་གེ་ཞིག་དང་། ཁོང་རང་གི་ཕྲིན་ཡིག་ལ། བླ་མ་ཐང་གཅིག་ཏྲེར་བྱོན། ང་རང་དང་མཇལ་ཏེ་མི་འོང་། ཅེས་ཀྱང་འབྱོན་པར་ཞུ་ཟེར་བ་ཞིག་བཅས་བཙུན་པ་ཞིག་ལ་བསྐུར་ནས་ཆོས་རྗེའི་ཕྱག་ཏུ་ཕུལ་བས། རྒྱ་ཡིག་འདིའི་དོན་ངས་ཤེས་གསུངས། དེ་ནས་དགུང་ལོ་བདུན་ཅུ་རྩ་བཞི་བཞེས་པ་ལ། དགེ་འདུན་རྣམས་ཀྱིས་ཇི་ལྟར་བཤོལ་ཡང་མ་གསན་པར་ཀམ་པོ་གནས་ནང་ནས་གདན་བཏེགས་འབྲི་ཀླུང་ལ་བྱོན།” ཞེས་དང་། ཡང་ལྡེབ“རིན་པོ་ཆེའི་ཞལ་ནས་མི་ཉག་གི་རྒྱལ་པོ་དེ་ཁ་ཅིག་དགེ་བའི་བཤེས་གཉེན་གླང་རི་ཐང་པའི་སྐྱེ་བར་བྱེད་དེ་མ་ཡིན། རྣམ་འབྱོར་གྱི་དབང་ཕྱུག་ཏཾ་གི་བའི་སྐྱེ་བ་ཡིན་གསུངས། རྒྱལ་པོ་སྐྱེ་དགོས་པ་ནི་ཡབ་རྒྱལ་པོ་ལ་ཕན་འདོགས་པ་དང་། རྒྱལ་པོ་བཙན་པོས་བཙོན་མང་པོ་བཀྲོལ་བ་རྣམས་མ་འོངས་པའི་དུས་ན་གདུལ་བྱར་འགྱུར་བར་དགོངས་པ་ཡིན། རྒྱལ་པོ་དེ་དང་ཡང་ཁོ་བོ་འབྲེལ་བ་ཤིན་ཏུ་ཟབ། དགེ་བཤེས་གཙང་པོ་བ་ཁྱོད་མི་ཉག་གི་རྒྱལ་ཁམས་སུ་བཞུད་ལ་རི་བོ་ཧ་ལ་ཤན་ཏུ་སྒོམས་དང་། དེ་ན་ཌཱ་ཀི་མ་གསེར་གྱི་མཆེ་བ་ཅན་བྱ་བ་ཡོད། དེས་ཁྱོད་ཀྱི་འཕྲིན་ལས་ཐམས་ཅད་བསྒྲུབ་པར་འགྱུར། སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག་གསུངས།” ཞེས་དང་། ཡང་ལྡེབ ༤༡ ན། “སློབ་དཀོན་མཆོག་སེང་གེ་ལ་སོགས་པས། བླ་མ་རིན་པོ་ཆེ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་འཁོར་གྱི་དང་པོ་གང་དང་གང་ལགས་ཞུས་པས། རྒྱ་གར་ལྷོ་ཕྱོགས་ལ་ཀ་བི་ཧ་རའི་གཙུག་ལག་ཁང་ན་རྣལ་འབྱོར་པ་མི་ཏྲ་ཛོ་ཀི་ཞེས་བྱ་བ་ཞིག་ཡོད་པ་དེ་དང་། ཡང་མངའ་རིས་ཀྱི་སྟོད་ན་སེམས་ཅན་གྱི་དོན་མང་པོ་མཛད་པའི་དགེ་སློང་དགེ་བའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་པ་དེ་དང་། ཡང་མི་ཉག་ཆོས་ཀྱི་རྒྱལ་པོའི་བླ་མ་རྒྱ་བེ་བུམ་རིང་མོ་ཞེས་ཀྱང་ཟེར། རྒྱ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་དང་། དགེ་བཤེས་དཀོན་མཆོག་སེང་གེ་ཁྱོད་དང་བཞི་ཡིན་གསུངས།”ཞེས་དང་། ཡང་ལྡེབ ༥༨ ན། “གཙང་པ་བཀྲ་ཤིས་སམ་གཙང་པོ་དཀོན་མཆོག་སེང་གེ་ནི་ལ་སྟོད་ཐང་ཆུང་ན་རྫུ་འཕྲུལ་གྱིས་རྗེས་སུ་བཟུང་ནས་སླར་མཚུར་ཕུར་གདམས་ངག་རྫོགས་པར་མཛད་དེ། མི་ཉག་གྷའི་རྒྱལ་པོས་རྗེ་ཉིད་སྤྱན་དྲངས་པར། གཙང་པོ་པ་ལ་ཕག་མོའི་བསྐྱེད་རྫོགས་འགྲོ་ཆོས་སུ་གནང་ཧ་ལ་ཤན་གྱི་རི་བོར་སྒོམས་ཤིག་ལུང་བསྟན་ཏེ་སྐུ་ཚབ་ཏུ་བརྫངས། དེར་གྷའི་རྒྱལ་པོའི་བླ་མ་མཛད་དེ་གཙང་པ་ཏི་ཤྲིར་ཐོགས། ཁོང་གིས་གདན་ས་ཆེན་པོ་མཚུར་ཕུར། དང་པོ་གསེར་འབུམ་གྱི་ན་བཟའ་དང་། ཕྱིའི་མཆོད་རྟེན་བཞེངས་པའི་ཆ་རྐྱེན། གཉིས་པ་མཆོད་ཁང་གོང་མའི་ཁྱམས། གསུམ་པ་མཆོད་རྫས་དང་དགོན་པའི་ཁྱད་འཕགས་བཅུ་གསུམ་རྣམས་རིམ་པ་བཞིན་དུ་ཕུལ་བ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ས་ཕག་སྟག་གི་ལོ་ལ་གྷའི་བྱང་ངོས་སུ་སྐུ་གཤེགས། དེའི་སློབ་མ་ནི་འགྲོ་མགོན་ཏི་ཤྲི་རས་པ་སྟེ། འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པའི་རྩ་ལག་མི་ཉག་རྒྱལ་པོའི་དབུ་བླའོ།།” ཞེས་གསུངས་པས་བྱང་མི་ཉག་དང་འབྲེལ་བ་དམ་ཟབ་ཡོད་པར་བསྟན་ཏོ།།

《བཀའ་བརྒྱུད་གསེར་ཕྲེང》ལ་གཞི་བཅོལ་ནས་མི་ཉག་ཐུབ་བསྟན་ཆོས་དར་གྱིས་བཀོད།

༼ རྩོམ་སྒྲིག་པ། མགར་རྒྱལ་སྲས། ༽


  • ལེ་ཚན་སྔོན་མ།:ཞང་བོད་གནའ་བོའི་བསང་ཡིག་གི་ཟུར་ནས་རྙེད་པའི་སྲིད་པའི་ཆོ་རབས་ཐོར་བུ།
  • ལེ་ཚན་རྗེས་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༡༽