སེམས་ངལ་དང་ལུས་ངལ།

ཤར་འཇམ།        2018-06-01

   ཕྲུ་གུ་ཆུང་ཆུང་ཚོ་ཨ་མའི་མངལ་ནས་བུད་མ་ཐག་ངུ་སྒྲ་ཤོར་དགོས་པ་ནི་ཁོ་ཚོས་རང་ཉིད་འཇིག་རྟེན་ཁམས་སུ་སྡུག་བསྔལ་མྱོང་དུ་ཡོང་དགོས་པར་རྟོགས་ཐུབ་པའི་རྐྱེན་རེད། ད་གཟོད་འཇིག་རྟེན་འདི་ལ་ངོ་རྒོལ་ལམ་འཐབ་རྒོལ་གྱི་ཐབས་དབེན་པའི་དབང་གིས་ངུ་སྒྲ་ཤོར། ཞིབ་རྩིས་དཔྱད་གཏང་གྱིས་ན། ཁྱེད་ཀྱི་མི་ཚེའི་ཁྲོད་དུ་སྡུག་བསྔལ་མང་ངམ་བདེ་སྐྱིད་མང་། འཁོར་བ་ཁབ་ཀྱི་རྩེ་མོ་ལ།། བདེ་བ་ནམ་ཡང་ཡོད་མི་སྲིད།། བདེན་པ་རེད། འཁོར་བའི་རྒྱ་མཚོ་འདིའི་ནང་དུ་ལྷུང་ནས་བཟུང་། འུ་ཅག་ནམ་ཡང་འཁོར་བ་ལ་བྲན། སྐབས་འགའ་ལ་ཡང་གནོན་ཤུགས་སམ་ངལ་བ་ཆེ་བའི་དུས་ལ། འདི་འདྲའི་བསམ་བློ་ཞིག་ཀྱང་ཡོང་གི་འདུག   ང་ནི་དུས་ནམ་ཡང་ན་སོན་དུ་མེད་པའི་བྱིས་པ་ཆུང་ཆུང་ཞིག་གི་དྲི་མེད་རང་གཤིས་དང་། ནག་ནོག་མེད་པའི་འདུ་ཤེས་གཙང་མ་ཞིག་གི་གོ་རིམ་བརྒྱུད་དེ། འོད་ལྡན་འཛུམ་མདངས་རྟག་ཏུ་མངོན་ཆོག་པའི་ལོ་ཆུང་བྱིས་པ་ཞིག་ཡིན་ན་ཅི་མ་རུང་འདོད། ཡང་སྐབས་ལ་ལ་ཞིག་ལ་འདི་འདྲ་བསམས། རང་ཉིད་ཆེས་རང་དབང་ཐོབ་པའི་འདབ་ཆགས་ཤིག་གི་གཤོག་བཟང་ལྡན་ནས། འཁོར་བའི་སྡུག་བསྔལ་དང་དཔག་ཚད་གྲངས་མེད་དུ་བྲལ་ཏེ། འཁོར་བ་ལ་ཕྱི་མིག་སྐད་ཅིག་ཙམ་ཡང་མ་འཁོར་བ་ཡངས་པའི་ཨ་སྔོན་དབྱིངས་ནས་ལྡིང་དབང་ཐོབ་ན་ཅི་མ་རུང་འདོད། གང་ལྟར། འཁོར་བར་འདི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་ངས་ཤེས་སོང་། དེ་ལས་ཐར་བའི་ཐབས་ཡོད་ཀྱང་། དེ་ལ་འབད་པའི་སེམས་ཤུགས་དབེན། ཀྱེ་མ། ང་ནི་ཅི་འདྲའི་ཕོ་སྡུག་པོ་ཞིག་རེད། རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས་ “སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། བདེ་བར་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བར་དགྲ་ལྟར་འཇོམས།།”ཞེས་ གསུངས་པ་དངོས་གནས་རེད། ཧ་ལས་པ་རེད།

སེམས་ངལ།

   འདི་ནི་སློབ་གཉེར་བ་དག་ལ་འཕྲད་པའི་མྱ་ངན་ཆེན་པོ་ཞིག་རེད་འདུག་སྙམ། ལྷག་ཏུ་ཕ་མའི་རེ་བ་རྒྱབ་ཏུ་ཁུར། ཡུལ་མི་ཁྱིམ་མཚེས་ཀྱི་འཆལ་གཏམ་ལ་འཇིགས་དགོས་པའི་སློབ་མ་འདི་ཚོ། མང་པོ་ཞིག་གིས་བསམ་བློ་ཡི་ཁྱོན་ཆེ་རུ་མ་བཏང་པས་སྐད་ཆ་འདི་འདྲ་བཤད། སློབ་མ་ཁྱེད་ཚོ་སྐྱིད་པོ་རེད། དྲགས་པོའི་ལས་ལ་ཞུགས་མི་དགོས། ཁ་ཡི་ཟས་ལ་སེམས་ནད་མི་དགོས། རྒྱབ་ཀྱི་གོས་ལ་བཀོད་སྒྲིག་མི་དགོས། ཁྱེད་ཚོ་སྐྱིད་པོ་རེད། ཁྱེད་ཚོ་ལས་སྐྱིད་ཅིག་མེད་པ་རེད་ཅེས་ཟེར། ག་ལ་ཡིན། རྩ་བ་ནས་ག་ལ་ཡིན། སློབ་མ་ཡང་འཁོར་བའི་བཙོན་ར་ལ་བཅིངས་པའི་ཉམ་ཐག་གི་ཚེ་སྲོག་ཆུང་ཆུང་ཞིག་ཡིན་རྐྱེན། སློབ་མ་རྣམས་ལ་ཡང་རང་རང་ལ་འཚམས་པའི་བརྗོད་དཀའ་གནོན་ཤུགས་རེ་ཡོད་སྲིད། རེད་དེ་ཁོ་ཚོས་གདོང་ལ་ནམ་ཡང་ཆེས་རྫུན་པའི་འཛུམ་མདངས་རེ་དམུལ་ཞོར་མངོན་སུམ་གྱི་སྤྱི་ཚོགས་དང་འཐབ་བཞིན་ཡོད། སེམས་ངལ་ཅི་འདྲའི་ཆེ་ཡང་ཁོ་ཚོའི་ཞལ་གྱི་འཛུམ་འོད་ནི་ནམ་ཡང་མུན་ནག་གིས་བསྒྲིབ་མི་ཐུབ། འཛུམ་འོད་ནི་གནོན་ཤུགས་དང་ངལ་བ་ལ་རྒོལ་བའི་ཐབས་བཀོད་གཅིག་པུ་དེའོ།། སྣ་ཚོགས་ལམ་ལ་ཆས་པའི་གཞོན་སྐྱེས་ང་ཚོ་ཡི་སྙིང་སྟོབས་ལ་ནམ་ཡང་ཡིད་སྨོན་དང་རེ་སྨོན་སྐྱེ་བཞིན་ཡོད་དོ།། སློབ་མའི་སེམས་ངལ་གྱི་འབྱུང་སའི་ཁུངས་ནི་འདི་འདྲའི་རེད་འདུག་བསམ། ཁྱོད་དང་ང་ལྟ་བུའི་གཞན་ཡུལ་ལ་རིག་གནས་སློབ་ཏུ་སོང་བའི་ན་གཞོན་དག་ལ། ཁྱིམ་མིས་གནོན་ཤུགས་འདི་འདྲ་ཞིག་སྟེར། བུའམ་བུ་མོ་གང་རུང་། ཁྱོད་ནི་ཁྱིམ་གཅིག་གི་རེ་བ་ཡིན། སློབ་གྲྭ་ནས་མཐར་ཕྱིན་དུས་ངེས་པར་དུ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་རེད་དགོས། མ་གཏོགས། དེའི་སྔོན་ལོ་ངོ་མང་པོ་རིང་ལ་སྦྱངས་པའི་ཤེས་ཡོན་ཐམས་ཅད་དེའི་འབྲས་བུ་མེད་པ་རེད། མ་ཚད། རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་མ་རེད་ན་ཕྱིར་ཕ་ཡུལ་དུ་ཡོང་ན་ཡུལ་མི་ཁྱིམ་མཚེས་ཀྱིས་འཕྱར་སྨོད་དང་འཆལ་གཏམ་མང་པོ་བཤད་པ་རེད། གང་ལྟར། ཁྱོད་རང་ངེས་པར་དུ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་རེད་དགོས། རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་མ་རེད་ན་འགྲོ་ལམ་ཁ་ཁ་མེད་ལ་ལ། འཚོ་ཐབས་བྲལ་ལོ་ཞེས་ཁོ་ཚོའི་འདོད་པར་ལྟར་དུ་བུ་རྒྱུད་ལ་རེ་སྐུལ་ལམ་སློབ་གསོ་དེ་འདྲ་རེ་བཏང་། བུ་རྒྱུད་ལ་མཚོན་ན་མི་ཚེ་འདིའི་ཁྲོད་དུ་ཆེས་བཀའ་དྲིན་ཆེ་བ་ནི་ཁྱིམ་མི་ཡིན་ལ། དེ་བས་ཁྱིམ་མིའི་རེ་བ་ལྟར་དུ་འབད་དགོས་བྱུང་། བཀའ་མི་བཀུར་བའི་གཏམ་ཞིག་གཏན་ནས་མ་རྒོལ། རེད་དེ་སློབ་མའི་སེམས་སུ་ངལ་བས་བཏུམས།

ལུས་ངལ། 

   ཉིད་ཀྱི་བསམ་ཚུལ་ལྟར་དུ་ཞུས་ན། སེམས་ངལ་དང་ལུས་ངལ་གཉིས་དེ་ལུས་ཀྱི་ངལ་བ་དེ་སླ་མོ་རེད་བསམ། ཁྱོད་རང་དེ་རིང་ངལ་ལས་དྲགས་པོ་ཞིག་ལ་རྩོལ་དགོས་བྱུང་ནས་ལུས་ལ་དཀའ་བ་ཆེན་པོ་འབྱུང་རྒྱུ་རེད། རེད་དེ། ཁྱོད་རང་ངལ་གསོ་ལེགས་པོ་ཞིག་བཏང་ཟིན་རྗེས། སེམས་པ་སྔར་བཞིན་དགའ་སྤྲོ་ཡི་གླུ་དང་སྐྱིད་པའི་བྲོ་ལ་རོལ་ཆོག   སེམས་ངལ་ནི་དེ་འདྲ་མིན། རྫོགས་ཐབས་དབེན། དེ་བས། འཁོར་བའི་ཁྲོད་དུ་གནས་པའི་སེམས་ཅན་ཐམས་ཅད་ལ་རང་རང་ལ་འཚམས་པའི་སྡུག་བསྔལ་ལམ་གནོན་ཤུགས་རེ་ཡོད་ལ། སུ་ཡིན་ཡང་སྐྱིད་པོ་ཞིག་གནས་མེད་པ་དེ་ཀུན་གྱིས་ཤེས་དགོས་སོ།།


  • ལེ་ཚན་སྔོན་མ།:བློས་བསླངས་ཀྱི་མཚན་མོ།
  • ལེ་ཚན་རྗེས་མ།:ཚོད་ཚོད་ལ་ང་རང་རྒས་སོང་།