བློས་བསླངས་ཀྱི་མཚན་མོ།

མ་བྱན།        2018-05-28


      དོ་དགོང་། ཕྱི་རོལ་གྱི་ས་གཞི་དང་གཙང་བོ་ཡུག་གཅིག་གཞོམ་གཞིག་བྲལ་བའི་བྱིས་པ་བཞིན། དྭངས་གཙང་དང་ལྷིང་འཇགས་ངང་འབྲོག་ཐང་གི་རི་གྲོང་དུ་བབས་ཤིང་། གྲོང་གསེབ་ཀྱི་ཁང་མིག་རེ་རེའི་དབུ་ཐོད་ཀྱི་ཁང་རྡུལ་དེ་དག ཚོན་གྱིས་བྱུགས་པའི་ཚོན་རྩི་དང་འདྲ་བར། དཀར་ལམ་ལམ་གྱི་བཀྲག་མདངས་འཚེར་ཤིང་གྲལ་འགྲིག་པའི་ཁང་ཁྱིམ་དེ་དག་གཟི་འོད་ཀྱིས་བརྒྱན་འདུག་པས། ངའི་དྲན་ཤེས་ཀྱི་སྒོ་མོ་དྲོད་འཇམ་གྱིས་གསོས།


      གནོན་ཤུགས་དང་སེམས་ཁྲལ་མེད་པའི་མི་ཚོགས་ཤིག་གཉིད་དུ་ཡུར་ཞིང་། སྨག་ནག་པའི་མཚན་མོའི་མི་དག བློས་བསླངས་དང་ཁེར་རྐྱང་གིས་བསྲུང་བའི་རྡོ་རིང་ལྟར། བརྗེད་དཀའ་བའི་མནོ་བསམ་ཅིག་གིས། དུས་ཚོད་ཀྱི་ལྕགས་ཐག་གཏོར་ཏེ་རབ་རིབ་མག་མོག་གི་འཇིག་རྟེན་ཞིག་གིས་བས་མཐའ་ཉུལ།


      རྨི་ལམ་ལྟ་བུའི་མཚན་མོ་ཞིག་སེམས་ཀྱིས་བཀླགས་ཏེ། མཚར་སྣང་དང་བྱིས་བློ་ཡིས་བྲིད་པའི་འདས་སོང་གི་ལོ་ཟླ་དེ་དག དགོད་བྲོ་ལ་ངུ་སྐྱེན་པའི་ཆགས་སྡང་གི་གཏམ་རྒྱུད་ཅིག་དང་འདྲ་བར། ལན་རེར་བགྲེས་པོ་ཞིག་གིས་དྲན་པ་བཞིན་བརྗེད་ངས་སུ་ཐེབས་འགྲོ་ལ། སྐབས་རེར་རྣམ་དག་དང་གཞུང་དྲང་གི་བྱིས་བློ་བཞིན་དྲན་སླ་ལ་བློ་དཀར་བའི་ངང་བརྗོད་ཐུབ།


      ངས་མཚན་མོའི་སོས་དལ་དང་ཁེར་རྐྱང་རུམ་ནས། བསམ་གཞིག་དང་འཁྱགས་པས་བསྡམས་པའི་སྐྱོ་གདུང་དང་ཟུག་གཟེར་སྙིང་ཁར་བསྒོས་དེ། སད་མ་ནུས་པའི་རྨི་ལམ་ཞིག་བསྐྱར་དུ་རྨིས་ཤིང་། བགྲོད་མ་ནུས་པའི་ཀྱག་ཀྱོག་གི་ལམ་ཕྲན་ཞིག་རྡོག་པས་མནན།


      ཐ་སྙད་དང་ཡིག་འབྲུ་རེ་རེའི་འབྲི་ཚུལ་ལ་བསམ་བློ་བཏང་ཞིང་། འཚོ་བ་དང་བདག་འཛིན་གྱི་ཕུང་པོ་ཞིག་ཞེན་ཆགས་ཀྱི་གཏིང་རུམ་དུ་སྦས་ཏེ། ངའི་བགོ་སྐལ་དུ་སིམ་པའི་ལོ་ཟླ་ལ་གསེད་བཀྲོལ་བྱས་ཤིང་། མཚན་མོ་ཞིག་གི་ལག་ཟུང་དལ་གྱིས་གློད་དེ། སང་ཞོགས་ཀྱི་ཉི་འོད་དང་རྩྭ་ཐང་ལ་བློས་བསླངས་བྱས།


  • ལེ་ཚན་སྔོན་མ།:དཔྱིད་ཀ་དེར་འུ་གཉིས་ངོ་མ་མཐུན།
  • ལེ་ཚན་རྗེས་མ།:སེམས་ངལ་དང་ལུས་ངལ།