མེན་ཧྲ་རི་སྒང་གི་རེག་ཟིག

ཁྱུང་གཤོག        2018-05-25

མི་ཚོགས་ཀྱི་འདུ་ལོང་སྔར་ནས་འཇགས་ཟིན་ནའང་།

བྱེ་གྲོང་ལ་རྡུལ་སྨུག་གི་ན་བུན་ཡང་ཡང་འཁོར།

 

བྱ་ཆེན་འཕུར་རྗེས་ཀྱི་ས་སྲོད་རེ་རེར།

རླུང་བུ་ཁོ་ན་ཁྱེད་ཀྱི་སྐུ་མགྲོན་དུ་གྱུར་ཡོད།

དེ་རིང་ང་མཐོ་སར་འགྲེང་རུང་།

རྒས་ཟིན་པའི་ཁྱེད་ཀྱི་ཞལ་རས་སྐྱ་བོ་ལས།

གཏམ་རྒྱུད་མང་པོ་ཞིག་གི་མགོ་མཇུག་དྲན་གྱིན་མི་འདུག

 

རི་སྒང་འདི། གནའ་བོའི་རི་སྒང་།

ལོ་ངོ་སྟོང་ཕྲག་གི་ནམ་མཁའི་སྐྱོ་ངལ་ཁུར་ནས།

ལོ་ངོ་སྟོང་ཕྲག་གི་ཡུལ་འདིའི་འཕོ་འགྱུར་འཚོས་ནས།

འཇིག་རྟེན་ནས་འཇིག་རྟེན་བརྒལ་ཡོང་བས།

ད་ནི་ལོ་རྒྱུས་ཀྱི་ཤོག་ལྡེབས་ལ་བྲིས་པའི་བརྡ་རྙིང་བ་

ཞིག་གི་མཚོན་བྱེད་དུ་གྱུར་ཟིན།

 

ཡུལ་གྱར་བ་དང་རྔོན་པ། ཚོང་བ། ཆོས་པ།

རྒྱུས་མེད་པའི་ངོ་གདོང་མང་པོ་ཞིག་གིས།

ཁྱེད་ལ་བཀླགས་མི་ཚར་བའི་མི་ཚེའི་སྙན་ངག་རིང་

མོ་ཞིག་བརྩམས་སོང་སྐད།

བརྟན་པའི་རྒྱབ་རི་སྔས་སུ་བྱས་པའི་ཕུག་པ་མང་པོས།

སངས་རྒྱས་སྟོང་གི་ཞལ་རྡུལ་ཉེ་བར་རྔུབ་ཅིང་།

འཚོ་བའི་གཟུགས་རིས་སྒྱུ་རྩལ་གྱི་ཚོན་ཁར་བསྡེབས་ནས།

རྣམ་ཤེས་དང་སྐྱེ་འཆིའི་རི་མོ་བྱེ་མའི་དཀྱིལ་འཁོར་ལ་འབྲི་བཞིན།

ལོ་ཟླ་མང་པོ་རླུང་དང་འགྲོགས་ནས་བཞུར།

 

ངས་དད་འདུན་དང་ངོ་མཚར་སྙིམ་པར་བཅུག་ན།

མཚོན་བྱེད་ཀྱི་ཞགས་པས་ཟིན་ཐབས་བྲལ་བའི་ལྷ་ཚོགས་

དང་ལྡེབས་རིས་ལས།

ལོ་རྒྱུས་ཀྱི་དྲན་ངོགས་སུ་འཚེར་བའི་མེས་པོ་དག་གི།

སྒམ་བརླིང་གི་བློ་རྒྱ་དང་དཔའ་མཛངས་ཀྱི་ཟིལ་ཤུགས།

རིག་པའི་རྩལ་དང་ཆོས་ཀྱི་འོད།

བག་ཆགས་ཀྱི་གཏིང་སར་སིམ་སིམ་འཇོ་བར་བྱེད།

 

དོ་ནུབ། རྨི་ལམ་དང་ལང་ཚོ་མེད་པའི་མཚན་གཞུང་འདིར།

ངས་མིག་ཆུ་ལྟ་བུའི་གཏམ་རྒྱུད་ཞིག་དྲན་ཡོང་།

ཡར་ཀླུང་གི་ཕུ་ནས་མཆེད་པའི་ངའི་མེས་པོ་དཔའ་སྙིང་ཅན་དག་གིས།

ཁྱེད་ཀྱི་རུམ་ཁར་དཔའ་མཛངས་བཏབ་མྱོང་།

ཁྱེད་ཀྱི་ཚེ་སྲོག་ལ་ཚོན་མདངས་བྱུགས་མྱོང་།

ད་དུང་། ཟླ་གམ་མཚེའུ་ཡི་འགྲམ་ནས་གངས་རི་དྲན་ཞིང་།

འཚོ་གནས་དང་ཤི་འཕོས་ཀྱི་སྨོན་ལམ་མཐའ་དག་ཕུག་པ་རེ་

རེའི་སྒོ་སྟེང་དུ་བཀལ་རྗེས།

རྣོ་དབལ་གྱི་མདུང་ཁ་ནུབ་ནས་ནུབ་ཏུ་གཏད་པ།

མཚན་གཞུང་འདིའི་རླུང་ཡན་ལས། ངས་ཁྱེད་ལ་གསང་ཐབས་བྲལ་ཨང་།

 

བྱེ་མའི་རི་ཚོགས་འདིའི་ངོ་གདོང་ལ།

རླུང་བུས་ཡང་ཡང་བྱི་དོར་བྱས་པས།

ད་ནི་རྟ་དམག་གི་རྨིག་རྗེས་རྙེད་མི་སྲིད་ལ།

དཔའ་སྙིང་གི་ཀི་སྒྲ་ཐོས་མི་ཐུབ།

ལྷིང་འཇགས་ཀྱི་མཐིལ་ལ་ལྷུང་བའི་དེ་རིང་གི་ཁྱེད་ལ།

གླིང་བཞིའི་ཉི་འོད་ཀྱིས་ཡང་ཡང་གཉོར་རུང་།

ཉི་མའི་གསེར་འོད་མནབས་ནས་གོམ་ཁ་རིང་དུ་སྤོ་མ་ཐུབ་པ་ཅི།

 

དགུན་ལྗོངས་རིང་མོ་འདིར།

ང་ནི་ཁེར་རྐྱང་གི་ཡུལ་གྱར་བ་ཞིག་ཡིན་པས།

ཁེར་རྐྱང་གི་ཁྱེད་ཀྱི་རུམ་ཁར།

ཕྱིར་དྲན་གྱི་ཐ་སྙད་རེ་འགའ་སྤུངས་པ་ལས།

སེམས་འདུན་གླུ་རུ་ལེན་པའི་ངག་སྒོ་དེ་འབྱེད་མ་ཐུབ།

 

རྔོན་པའི་ཚོགས་ཀྱི་བོའུ་ཁ་རུ།

ཁྱེད་ནི་སྔ་མོ་ནས་རྨས་མར་གྱུར་ཟིན་ནའང་།

ཤར་གྱི་ངོ་མཚར་ལ་སྣང་དག་འཛིན་པའི་ནུབ་གླིང་བ།

མེས་པོའི་རྐང་རྗེས་ལ་ས་བཀྲ་འབྲི་མཁན་གྱི་ཞིབ་འཇུག་མཁན།

མིག་ཟུང་རིག་རིག་དང་འགྲམ་ཆུ་འཛར་འཛར་གྱིས།

གླེགས་བམ་ཁེར་རྐྱང་གི་ན་ཟུག་བཏེགས་ནས།

དར་གྱི་ལམ་བུ་བརྒྱུད་ཁྱེད་ཕྱོགས་སུ་ཆས་ཀྱིན་འདུག

 

ང་རི་སྒང་འདིར་སླེབས་དུས་ནི་དགུན་ཁ་ཞིག་ཡིན།

མྱ་ངན་གྱི་སྣང་ཚུལ་ཅི་ཡང་མཐོང་ཐུབ་པའི་དགུན་གཞུང་ཞིག་ཡིན།

ཟླ་གམ་མཚེའུ་དང་འགྲོགས་པའི་རྔ་ཁྱུ་ཞིག

ཡུལ་འདིའི་ཆེས་མཐའ་མའི་དན་རྟགས་སུ་གསོན་པ་ལྟར།

ཉི་འོད་ཐོར་ཤུལ་དུ་འཁང་གཏམ་འདེབས་ཀྱིན།

མེན་ཧྲ་རི་སྒང་གི་འདབས་རོལ་ན།

མཚར་སྣང་གི་རླུང་ཁར་བསྐྱོད་པའི་སྐུ་མགྲོན་དག

རྨ་ནུབ་ཁྱམས་རིང་གི་གནའ་ཉམས་ཁྲོད་ཡང་ཡང་ཁྲིད་པར་བྲེལ།

 

འཕུར་ཡང་མཐའ་མི་ངོམ་པའི་གསེར་མདོག་གི་འཇིག་རྟེན་འདིར།

ངས་རང་གི་སྙིང་ཆུང་གི་འཕར་སྒྲར་ཞིབ་ཀྱིས་ཉན་ཞིང་།

མཁའ་མཐའ་བརྟོལ་གྱིན་རྒྱང་རིང་ལ་ཕྱོགས་པའི།

རྒོད་པོ་ཁེར་རྐྱང་དེའི་སེམས་འདུན་ལས།

མཇུག་མཐའི་འཕུར་བསྐྱོད་ཀྱི་ཉམས་སྣང་རྟོགས་ཡོང་།

 

དུས་ཚིགས་འདིར་ཁྱེད་རང་སྔ་མོ་ནས་འཇགས་ཟིན་ནའང་།

འཇགས་མི་སྲིད་པའི་རླུང་བུ་སྔར་བཞིན་ལྡང་།


  • ལེ་ཚན་སྔོན་མ།:ད་ལོའི་དྲན་པ།
  • ལེ་ཚན་རྗེས་མ།:ཉམས་དབྱངས་སྟངས་སྟབས་ཅན།