ད་ལོའི་དྲན་པ།

ཐོ་ཡོར།        2018-05-25

འཆར་སྒོ་འགག་ཟིན་པའི་མི་ཞིག་གིས།

དུས་ཚོད་ཀྱི་གདུག་རྩུབ་མཚོན་བྱེད་དུ།

ལན་རེར་ཀི་རིང་རེ་འདེབས་པར་བྱེད།

འོན་པ་ལས་ཀྱང་ཐབས་སྐྱོ་བོ་རེད།

 

ཐག་རིང་ལ་ལོག་འདོད་ཀྱི་འདུན་པའི་ཕྱིར་དུ།

སེམས་དང་སེམས་བྱུང་གི་གསང་བའི་སྒོ་ཡང་།

ལྷིང་འཇགས་ཀྱིས་བསྡམས་ཟིན་པ་ཚོར་མི་འདུག

 

དངོས་པོ་མཐའ་དག་གིས་བཀང་བའི་དྲན་པ།

ཉིན་མཚན་གྱི་གོ་རིམ་མང་པོ་བརྒྱུད་རྗེས།

བར་སྣང་གི་འཛོམས་ཆད་དེས་དུམ་བུར་དུམ་བུར་བགོས།

 

དྲན་པ་སྔར་གྱི་ཁ་མལ་ན་མི་འདུག

སྙིང་ཉེ་བ་སུ་ཞིག་སྐྱོ་གདུང་གི་མེ་སྒོང་མཐའ་རུ་སླེབས་པས་ཡིན་ནམ།

 

མཐོང་མི་གཏུབ་པའི་དྲན་པ།

རླུང་གིས་འུར་ཟིང་མཐའ་དག་བཅོམ་རྗེས།

རླུང་དང་དྲན་པ་གཉིས་སོ་སོར་དབྱེ་འབྱེད་མི་ནུས་ཀྱང་།

མི་གཏན་དུ་གནས་དེ་ཀར་ཡོད།

སྔོན་མར་སོང་མྱོང་བའི་སྤྱི་གླིང་དེ་རུ་མཚན་མོ་སྐྱེལ་བཞིན་ཡོད།


  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དཔལ་མོ་ཕྱིར་དྲན་གཞས་ཆུང་ཁྲོད་ན།
  • ལེ་ཚན་རྗེས་མ།:མེན་ཧྲ་རི་སྒང་གི་རེག་ཟིག