དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་གྱི་བདེ་འཇགས་འགན་སྲུང་བྱས།

ཀུན་དགས་བྲིས་ཤིང་པར་བླངས།        2018-05-21

དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་གྱི་བདེ་འཇགས་འགན་སྲུང་བྱས།

      དབྱར་རྩྭ་དགུན་འབུའི་དུས་ཚིགས་ལ་སླེབས་པ་དང་ཆབས་ཅིག སྤྱི་ཟླ5པའི་ཚེས4ཉིན་དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དབང་རྒྱལ་གྱིས་འབྲེལ་ཡོད་སྡེ་ཁག་གིས་ལས་སྒྲུབ་མི་སྣ་སྣེ་ཁྲིད་བྱས་ནས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་ཕྱིན་ཏེ་བདེ་འཇགས་འགན་སྲུང་སྐོར་ལྟ་སྐུལ་དོ་དམ་བྱས་པ་རེད།

      ཐེངས་འདིར་བརྡ་ཐར་མ་ཡུག་ཤོག་གི་ཟླ་སྟོད་ཤང་དང་ཚྭ་ལུང་ཤང་། ཚྭ་རྩྭ་ཤང་། འཁྱག་ལུང་ཤང་སོགས་ཤང་ཁག་བཞི་པོའི་ལས་སྒྲུབ་མི་སྣ་དང་ཉེན་རྟོག་པ། ཟླ་སྟོད་ཤང་གི་གྲོང་སྡེ9ཡི་འགོ་འཛིན་མི་སྣ་སོགས་མི་གྲངས400ལྷག་ལས་གྲུབ་པའི་བདེ་འཇགས་ལས་སྒྲུབ་ཚོ་ཆུང་བཙུགས་ཡོད་ཅིང་། ཟླ་སྟོད་ཤང་དུ་དབྱར་རྩྭ་དགུན་འབུ་རྐོ་མཁན་གྱི་མི་མང་བས་འགག་སྒོ་ས་ཚུགས་ལྔ་སྒྲིག་སྦྱོར་བྱས་ཡོད། འགག་སྒོ་ས་ཚུགས་རེར་འཕྲུལ་རྟ་སུམ་ཅུ་དང་རྟ་བཅོ་ལྔ་བཀོད་སྒྲིག་བྱས་ཡོད་པ་རེད།

      སྡེ་ཁག་སོ་སོའི་དོ་དམ་ལས་སྒྲུབ་མི་སྣ་ཚོས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་བསྡད་པ་དང་སྤྱི་ཟླ5པའི་ཚེས9ཉིན་དབྱར་རྩྭ་དགུན་འབུ་རྐོ་མཁན་གྱི་མང་ཚོགས་རྣམས་དབྱར་རྩུ་དགུན་འབུ་བརྐོ་ཡུལ་དུ་གནས་སྤོས་བྱ་རྒྱུ་ཡིན་པ་མ་གཏོགས་བཀོད་སྒྲིག་དང་འཆར་གཞི་མེད་པར་སྔར་ཚེ་ནས་གང་མོས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་འགྲོ་མི་ཆོག་པ་རེད།

      བརྡ་ཐར་མ་ཡུག་ཤོག་ནི་སྡེ་དགེ་རྫོང་དང་ས་མཚམས་འབྲེལ་ནས་བསྡད་ཡོད་པ་དང་ལོ་རེ་རེར་ས་ཕྱོགས་སོ་སོ་ནས་འོང་བའི་དབྱར་རྩྭ་དགུན་འབུ་རྐོ་མཁན་གྱི་མི་མང་བས་འདུ་འཛི་ཧ་ཅང་ཆེ་བ་རེད། སྔོན་ཆད་འདྲ་ཞིག་ཡིན་ན་དབྱར་རྩྭ་དགུན་འབུ་རྐོ་རིང་དུ་ས་རྩོད་ཆུ་རྩོད་དང་འཛིང་མོ་རྒྱག་རེས།རྐུ་འཕྲོག་གི་གནས་ཚུལ་འདྲ་མིན་བྱུང་མྱོང་བར་བརྟེན། ཉེ་བའི་ལོ་འདི་དག་ལ་དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་རིང་གི་བདེ་འཇགས་དང་འཆམ་མཐུན་སྐོར་ལ་འགན་སྲུང་ཡག་པོ་བྱས་དང་བྱེད་བཞིན་ཡོད་པ་རེད། ལས་སྒྲུབ་ཚོ་ཆུང་གིས་འགལ་ཟླ་དང་རྩོད་གཞི་མི་ཡོང་བའི་ཆེད་དུ་སྔར་ཚེ་ནས་མེ་མདའ་དང་མདའ་གྲི་མདུང་གསུམ་སོགས་ལུས་ལ་བཏགས་ཡོད་མིན་དང་གས་རྫས་རིགས་དང་དུག་རྫས་རིགས་སོགས་ལུས་ལ་འཁུར་ཡོད་མིན་སྐོར་ཞིབ་བཤེར་བྱས་པས་མ་ཚད་རེས་སྐོར་བྱས་ཏེ་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་ལྟ་ཞིབ་བྱས་ནས་དབྱར་རྩྭ་དགུན་འབུ་རྐོ་རིང་དུ་མི་དམངས་མང་ཚོགས་ལ་བདེ་འཇགས་དང་འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གང་ཐུབ་བྱེད་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས2017ལོའི་ཡ་རབས་འཆམ་མཐུན་གྱི་དགོན་པར་མིང་འདོགས་བྱང་བུ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།