བླང་དོར་གྱི་གནས་ལས་སད་ན་ལེགས།

ཀུན་དགའ་དབང་མོ།        2018-05-21

དུས་རབས་ཀྱི་འགྱུར་ལྡོག་དབང་གིས།།

སྔོན་ཐོན་གྱི་ལག་རྩལ་དར་ཞིང་།།

འཇིག་རྟེན་འདི་ཁྲ་ཚོམ་བསྒྱུར་བའི།།

དེང་དུས་ཀྱི་རྒྱལ་ཁབ་མཚར་བོ།།


རིག་གནས་ཀྱི་ཤེས་ཡོན་འཕེལ་ཞིང་།།

གཞན་ཕན་གྱི་ལྷག་བསམ་ལྡན་པའི།།

མཁས་ལྡན་གྱི་སྐྱེས་བུ་དམ་པས།།

གསར་སྐྱེས་ཚོར་འོད་སྣང་བསྩལ་བྱུང་།།


རྙོག་འཛིང་གི་སྤྱི་ཚོགས་འདི་ནས།།

འདྲ་མིན་གྱི་བྱ་གཞག་སྣ་ཚོགས།།

ཞིང་འབྲོག་ཚོས་དང་དུ་ལེན་པར།།

དཀའ་སྡུག་གི་རྒྱ་མཚོར་བརྒལ་དགོས།།


དཔེ་ཀློག་པའི་ཕྲག་གི་འོས་འགན།།

བཅུ་ཕྲག་ལ་འབད་པ་བྱས་ཏེ།།

འབྱུང་འགྱུར་གྱི་དུས་ཀྱི་ལམ་དེར།།

རྗེས་རབས་པས་འབད་ཀྱིས་བསྐྱང་དགོས།།


སློབ་གླིང་དང་གྱེས་བྲལ་བྱུང་ནས།།

སྤྱི་ཚོགས་ལ་གོམས་འདྲིས་བྱེད་སྐབས།།

མི་ཚོགས་དང་བྱ་སྤྱོད་འགལ་བས།།

འཕྱ་དམོད་ཀྱི་ཕམ་ཁ་ཉོ་སྲིད།།


སྔོན་དུས་ཀྱི་སློབ་རའི་ནང་ནས།།

དྲན་འཛིན་གྱི་ཀླད་པའི་ངལ་རྩོལ།།

ཉིན་བྱེད་ཀྱི་མིག་རྒྱང་བཀོལ་ནས།།

ཤེས་བརྩོན་ལས་བྱ་བར་མ་སེམས།།


ད་སྐབས་ཀྱི་འཚོ་གནས་འདི་ལས།།

དཀའ་སྡུག་གི་ལུས་པོའི་ངལ་རྩོལ།།

ཉིན་མཚན་དུ་འབད་ལེན་བྱས་པས།།

སྔོན་དུས་འདི་འགལ་བས་བཅད་སོང་།།


དལ་འབྱོར་གྱི་མི་ཚེའི་སྐལ་བར།།

གཅེས་སྤྲས་དང་དམ་འཛིན་མེད་པར།།

ཕམ་ཁ་ཡི་གྱོང་གུད་ཉོས་ནས།།

རིན་མེད་ཀྱི་ལམ་ལ་མ་ཆས།།


དུས་དེ་ནི་སྙིང་གི་དྲན་ཞིང་།།

གཤིབ་འགྲོས་ཀྱི་སྙིང་སྟོབས་བསྐྱེད་དེ།།

རང་ཅག་ཚོའི་འགན་འཁྲི་ཁུར་ནས།།

ཚེ་སྲོག་གི་དོན་སྙིང་ལེན་འགྲོ།།


  • ལེ་ཚན་སྔོན་མ།:རྩ་བའི་བླ་མ།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་མགྱོགས་བྲིས།