རྩ་བའི་བླ་མ།

ཤེལ་དཀར་ཚེ་སྒྲོན།        2018-05-21

ཆོས་དབྱིངས་གར་གྱི་རྣམ་པར་རོལ་བ་འདི།།

ས་སྟེང་འདི་ན་དཀོན་པའི་མེ་ཏོག་ཡིན།།

ཐ་སྙད་མི་ཡི་གཟུགས་སུ་སྣང་ན་ཡང་།།

དོན་དམ་ཆོས་ཀྱི་དབྱིངས་ལས་ཅང་མ་མཆིས།།


ལྷ་ཡིས་བསྩལ་བའི་དངོས་གྲུབ་ཆེན་པོའམ།།

ཀླུ་ཡིས་གནང་བའི་དགོས་འདོད་ཀུན་འབྱུང་ངམ།།

མི་ཡིས་རྙེད་པའི་དགོས་འདོད་ནོར་བུ་སྟེ།།

ཕྱོགས་རྣམས་ཀུན་གྱི་མུན་པ་སེལ་བ་པོ།།


རྣལ་འབྱོར་ཁྱེད་ལས་གཞན་ཞིག་གང་ན་འདུག།

གང་ཞིག་ཁྱེད་ཞལ་དངོས་སུ་མ་འཇལ་ཡང་།།

ཁྱེད་ཀྱི་རྣམ་ཐར་མདོར་ཙམ་བཀླགས་ཙ་ན།།

བདག་ནི་ཁྱེད་ལ་དད་པ་ཚད་མེད་སྐྱེས།།


ཚེ་རབས་འདི་ནས་བྱང་ཆུབ་ཇི་སྲིད་དུ།།

མགོན་པོ་ཁྱེད་ཀྱིས་བདག་ལ་སྐྱབས་སུ་གསོལ།།

ཁྱེད་ནི་སངས་རྒྱས་སྟོང་གི་སྲས་མཆོག་ཅིག།

ཁྱེད་ཀྱི་མཛད་འཕྲིན་སུས་ཀྱང་དཔག་མི་ནུས།།


  • ལེ་ཚན་སྔོན་མ།:རྒྱུགས་སྐར་གྱི་མནར་བཅོད།
  • ལེ་ཚན་རྗེས་མ།:བླང་དོར་གྱི་གནས་ལས་སད་ན་ལེགས།