རྒྱུགས་སྐར་གྱི་མནར་བཅོད།

ཐུབ་རྒྱམ།        2018-05-21

རྒྱུགས་སྐར་མི་གླེང་རྒྱུགས་སྐར་གླེང་ཞིང་གླེང་ན་སེམས་ཀྱི་ན་ཟུག་གླེང་།།

གླེང་ནས་སྙིང་བོ་ཅི་ཞིག་ཡོད་པ་ལས་དབང་གཅིག་པའི་གྲོགས་ཀྱིས་སོམས།།

བསམ་ནས་སྙིང་བོའི་ཆ་རེ་ཡོད་ན་རང་ཡིད་གསོ་བའི་སྨན་དུ་བྱོས།།

ན་ཟུག་སློང་བའི་ཚིག་ཕྲེང་འབྲི་མཁན་རྒྱུགས་ལ་སྐྲག་པའི་སྐྱག་ཤོར་ཞིག།


ཕུགས་བསམ་རི་བོའི་མེ་ཏོག་སད་ཅིང་རྒྱུགས་སྐར་མདའ་མོ་སྙིང་ལ་ཟུག།

ཕྲག་དོག་མེ་ལྕེའི་བར་གསེང་རེ་ནས་རང་སེམས་ལྷོད་པོ་མེ་རུ་ཤོར།།

སྐར་གྲངས་མཐོན་པོའི་སྐས་རིམ་འཛེགས་ཕྱིར་རང་ཚུགས་བོར་བའི་སློབ་མ་སྐྱོ།།

བློ་རིག་གློག་གི་འོད་མདངས་དེ་ན་གཡོ་འཛུམ་སློབ་མའི་མིག་ཟུང་མྱུར།།


རང་ཅག་འཚོ་བའི་གཞིས་ཁྱིམ་འདི་ན་རྒྱུགས་སྐར་རི་བོའི་བསྟན་པ་དར།།

ཨ་ཕའི་ངག་གི་གདམས་པ་ཐོག་མ་སྐར་མའི་གྲངས་དང་འབྲལ་མེད་ཡིན།།

ཨ་མའི་བྱམས་ཀྱི་མིག་འཛུམ་དྭངས་མར་སྐར་གྲངས་ཐིག་ལེ་ཡལ་མེད་རེད།།

བུ་ཆུང་ཉི་མ་རང་ཤར་དེའང་རྒྱུགས་སྐར་དོན་དུ་སྨྱོ་ལ་ཁད།།


གཞུང་ཞབས་རྒྱུགས་སྤྲོད་ནུས་པ་མེད་ཀྱང་སྐར་མས་ཆོག།

དགེ་རྒན་ཆེན་མོར་ཡོན་ཚད་མེད་ཀྱང་སྐར་མས་ཆོག།

བཟང་གསུམ་སློབ་མར་སྤྱོད་ལམ་ངན་ཡང་སྐར་མས་ཆོག།

སློབ་གཉེར་འཚོ་བ་སྐར་མས་མནར་བ་ཐེངས་གཅིག་མིན།།

སློབ་གཉེར་འཚོ་བའི་རྒྱུད་རིམ་མི་གཙོ་སྐར་མ་གཙོ།།

སློབ་མ་སོ་སོས་བསམ་གཞིག་མི་གཙོ་སྐར་མ་གཙོ།།

སྦྱང་བའི་ཡོན་ཏན་ལག་ལེན་མི་གཙོ་སྐར་མ་གཙོ།།

ཤེས་བྱའི་སྙིང་བོ་ལོན་དང་མ་ལོན་སྐར་མ་ཉིད།།


སྐར་མའི་ཆེད་དུ་དགེ་རྒན་དག་གིས་གསང་བ་ཤོར།།

སྐར་མའི་ཆེད་དུ་སློབ་མ་སོ་སོའི་རང་ཚུགས་བོར།།

སྐར་མའི་ཆེད་དུ་ཁྱིམ་བདག་དག་ཀྱང་སྨྱོ་ལ་ཁད།།

སྐར་མའི་འཕྲིན་ལས་ལོ་རེ་བཞིན་དུ་ཇེ་རྒྱས་རེད།།


ནུབ་ཕྱོགས་གྲོགས་ལ་མིག་ཟུང་སྐོར་ཞིང་རྗེས་ལུས་མགོ་བོ་གྱེན་དུ་བཅོག།

སློབ་གསོའི་རྩ་བ་སེམས་ནས་སྒོམ་ཞིང་ལག་ལེན་གསེར་གྱི་ཐིགས་པར་བརྩོན།།

རང་ཡིད་དགའ་བའི་འཛུམ་གྱིས་ངང་ནས་རང་དོན་ལག་ནས་དམ་དུ་འཛིན།།

མ་འོངས་འཆར་གཞིའི་ས་ཁྲའི་ཁྲོད་ན་མི་ཚེའི་སྙིང་བོ་འབྲི་བར་རྩོམ།།


སློབ་གསོའི་འབྲས་བུ་གང་སར་གཏོར་ནས་ཤེས་རིག་འདབ་མ་གྲོལ་བར་བྱོས།།

མི་གཤིས་བཟང་པོའི་སྤྱོད་ལམ་ཁྲོད་ནས་མི་ཚེ་དོན་ལྡན་གནང་བར་མཛོད།།

སྐར་གྲངས་ཤིག་ལ་མགོ་བོ་འཁོར་ནས་རང་ཉིད་བོར་བ་མ་བྱེད་ཅིག།

སྐར་གྲངས་ཤིག་གི་འཇིགས་པ་སེམས་ནས་རང་ཚུགས་བོར་བ་མ་བྱེད་ཅིག།


  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:རྩ་བའི་བླ་མ།