ཕ་ཡུལ་ལ་བསྟོད་པ།

དཔལ་འཛོམས།        2018-05-18

སྟོད་ན་ཆུ་འཛིན་བུ་མོ་འགྱུར་བག་གིས་རྒྱུ་ཞིང་།། 

སྨད་ན་རྨ་ཆུ་སྔོན་མོའི་ཆུ་འཁོར་རང་འཁྱིལ་བའི།། 

ཕྱོགས་བཞི་ས་འཛིན་ཕྲེང་བའི་དོ་ཤལ་གྱི་དབུས་ན།། 

ཁྲི་ཆུ་རིང་མོའི་མཛེས་རྩལ་བདེ་མྱུར་གྱིས་བཞུད་པ།། 

གངས་ལྗོངས་རྣམ་པར་དག་པའི་སུམ་རྩེན་གྱི་ཞིང་ན།། 

ཁྲི་ཡུལ་མི་ཉག་དགོན་ཞེས་སྙན་གྲགས་ཀྱི་ལང་ཚོ།། 

སྲིད་པ་ཕོ་མོའི་མགྲིན་པའི་དབྱངས་རྟ་ལ་འཁྱུད་ནས།། 

གཅིག་ནས་གཅིག་རྒྱུད་དད་གུས་བྱིན་རླབས་ཀྱིས་གཏམས་འདུག། 

ཕ་མཐའ་མི་མངོན་ཞི་བདེ་རྒྱ་མཚོ་ཡི་མདངས་ཅན།། 

སྨུག་པོ་ཐང་ཞེས་གྲགས་པའི་ནེའུ་གསིང་གི་ཐང་ན།། 

རྒྱུ་སྐར་ས་ལ་བཏབ་པའི་སྒོ་ཕྱུགས་ཀྱི་ཁྱུ་ཚོགས།། 

ཞལ་ཟས་རོ་བརྒྱ་ལྡན་པའི་རྩྭ་ལྗང་ལ་རོལ་བ།། 

མི་སྐྱེས་ཕོན་པོའི་བང་རྩལ་སྐྱི་བསེར་གྱི་རླུང་བུ།། 

མཁའ་ལ་འཁྱུག་པའི་གློག་གི་རོལ་རྩེད་ཀྱི་མདངས་བཞིན།། 

ཡངས་བའི་ཐང་ལ་རྣོ་ངར་ཞབས་ཟིལ་གྱིས་བསྣུན་ཚེ།། 

ཉིན་བྱེད་སྐྱེངས་བས་བཞིན་རས་གླིང་གཞན་ལ་གཏད་འགྲོ།། 

ས་འཛིན་ཕྲེང་བའི་མགུལ་རྒྱན་ཚང་ཚང་གི་ལྗོན་ཤིང་།། 

ལུས་ཕྲ་སྒེག་མོའི་གནག་སྣུམ་སྐྲ་ལོ་ཡི་མདངས་བཞིན།། 

སྐྱི་བསེར་རླུང་བུའི་རེག་བྱའི་འདོད་སྲེད་ལ་གཡེང་ནས།། 

སྨིན་ལེགས་འབྲས་བུའི་ནུ་ཟུང་དཔག་མེད་ངང་མངོན་འདུག། 

ཆོས་སྤྱོད་དྲིལ་བུའི་གདངས་དབྱངས་མཁའ་དབྱིངས་ལ་སྤུར་ཚེ།། 

ཡིད་སེམས་ཕྱི་ལ་འཕྲོ་བའི་འདོད་མྱོས་ཀྱི་སྐྱེ་འགྲོ།། 

སྐད་ཅིག་ཉིད་དུ་ངད་པའི་ཁྱུ་མཆོག་གིས་མྱོས་བས།། 

གཞན་གསོས་བུ་མོའི་མགྲིན་དབྱངས་རྣ་ལམ་ནས་ཡལ་འགྲོ། 

རྩོད་པའི་མེ་དཔུང་མཁའ་བའི་དབྱར་རྔ་ལྟར་བསྒྲགས་ཚེ།། 

ཤེས་ལྡན་སློབ་བུའི་ལུང་རིགས་རྣོ་ངར་གྱི་ལྕགས་སྒྲོག། 

རྩོད་གཞི་སྟུག་པོའི་གཞི་རྒྱུད་དབྱངས་རྟ་ལ་འཁྱུད་ནས།། 

ཉིན་མཚན་འཁོར་ལོའི་འཕྱང་ཐག་ཡུད་ཙམ་ལ་འཆལ་བ།། 

སྙན་གྲགས་ཁ་བའི་ལྗོངས་ན་གཟི་འོད་ཀྱིས་འཕྲོ་བའི།། 

བཤེས་གཉེན་དམ་པའི་བྱམས་དང་སྙིང་རྗེ་ཡི་དཔལ་གྱིས།། 

མཐའ་བཞི་སྐྱེ་འགྲོ་བདེ་བའི་ཞིང་ཁམས་ལ་བཀོད་པས།། 

སྨོན་པའི་གླེང་བརྗོད་བདུད་བརྩིའི་རོ་བརྒྱ་ལས་མངར་བ།། 

དད་པའི་ཡོ་ལང་བརྡོལ་བ་སྐལ་སྡན་གྱི་ཁྱུ་ཚོགས།། 

སྙེ་མ་རབ་མཐོ་དུད་པའི་འབྲུ་དྲུག་གི་དཔལ་བཞིན།། 

སྒོ་གསུམ་གུས་འདུད་བཅས་ཏེ་མཁན་པོ་ཡི་སྤྱན་སྔར།། 

གདམས་ངག་ཟབ་མོའི་མདུད་པའི་དྲ་རྒྱ་རང་གཏོར་བ།། 

བརྩོན་འགྲུས་གོ་ཆས་འགག་མེད་བློ་གསལ་གྱི་སློབ་བུ།། 

རྣོ་ངར་ལྕགས་ཀྱི་རྟ་ཕོའི་དགུང་དབྱིངས་ལ་བཅིབས་ནས།། 

ཤེས་བྱའི་འཇུག་ངོགས་བརྒལ་བའི་ཟིལ་ཤུགས་དེ་མཐོང་ཚེ།། 

ར་ཡིག་གཉིས་པའི་མགྲིན་པའི་རོལ་དབྱིངས་ཀྱང་འཇགས་འགྲོ།།

ངོ་མཚར་གློག་གི་རོལ་རྩེད་མུ་ཏིག་གི་ཕྲེང་བས།། 

ཁོ་ར་ཁོར་ཡུག་འོད་ཀྱི་ཕྲེང་ལམ་ལ་བཀོད་ཚེ།། 

གཟི་བྱིན་འོད་ཀྱིས་ཕྱུག་པའི་གཉིས་སྐྱེས་ཀྱི་རྒྱལ་བོ།། 

རྒྱུ་སྐར་གྲོང་ནས་བརྡོལ་བའི་ཟིལ་ཤུགས་ལ་བྲེལ་འདུག། 

ཚོན་ཆེན་སྣ་ལྔའི་མདངས་མཛེས་དཔལ་གླིང་གི་རྒྱ་ཕིབས།། 

ས་འཛིན་ལྟེ་བས་གཟི་བྱིན་འོད་སྣང་གིས་གཏམས་ཚེ།། 

རྨི་ལམ་ཞིང་ལ་ཡུར་བའི་རིགས་དྲུག་གི་སྐྱེ་འགྲོས།། 

འཛིན་བྱེད་མཁའ་ནས་འཛུམ་ཞེས་ལས་དོན་ལ་འབད་འགྲོ།། 

བྱེ་བ་ཕྲག་དབུའི་མདངས་ཅན་གྲྭ་ཁང་གི་ལང་ཚོ།། 

བསིལ་ལྡན་ཁ་བ་རི་བོའི་ཡང་རྩེ་ན་འཕུར་བས།། 

སྟོན་མཚན་ནམ་མཁའི་ཕྲ་ཚོམ་མུ་ཏིག་གི་ཕྲེང་བ།། 

ལྟ་བའི་མ་མངོན་གོམ་ཁ་འཛིན་མའི་སྟེང་ཆས་འགྲོ།


  • ལེ་ཚན་སྔོན་མ།:ལེགས་སྐྱེས།
  • ལེ་ཚན་རྗེས་མ།:རྒྱུགས་སྐར་གྱི་མནར་བཅོད།