༄༅།།སྨོན་ལོག་བདུད་ཀྱི་ཁ་གནོན་གླིང་དཀར་དཔའ་བོའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ།

    གླིང་གེ་སར་རིག་གནས་དྲ་བ།    2018-05-15

༄༅།། སྨོན་ལོག་བདུད་ཀྱི་ཁ་གནོན་གླིང་དཀར་དཔའ་བོའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ།

ན་མོ་གུ་རུ་མ་ཧཱ་སེངྷ་རཱ་ཛཱ་ཡ། རབ་འབྱམས་རྒྱལ་བའི་གསང་གསུམ་ཡེ་ཤེས་དཔྱིད།། མ་རུང་ལོག་སྨོན་བདུད་དགྲ་འདུལ་བ་ལ།། དོན་འགྲུབ་དགྲ་བླའི་རྒྱལ་པོའི་སྐུར་སྣང་བ།། འཛམ་གླིང་སེང་ཆེན་རྒྱལ་པོ་རྒྱལ་གྱུར་ཅིག། ཁྱེད་ནི་གདོད་ནས་མངོན་པར་སངས་རྒྱས་ཀྱང་།། གདུལ་བྱ་སྤྱི་དང་གངས་ཅན་བོད་ཡུལ་འདིའི། །བསྟན་འགྲོའི་རྒུད་པ་རྨིང་ནས་གསོ་མཛད་པའི། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །དུས་ཀྱི་རུ་འཛིང་དྲག་ཏུ་བདོ་བའི་སྐབས། །གངས་ཅན་པ་རྣམས་དགྲ་བཞིའི་འཇིགས་པ་ལས། །སྐྱོབས་མཛད་རིགས་གསུམ་རྣམ་འཕྲུལ་སེང་ཆེན་རྗེ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས། །ནག་ཕྱོགས་བདུད་ཀྱི་སྡེ་རྣམས་འདུལ་བའི་ཕྱིར། །སླར་ཡང་རྗེ་བློན་འབངས་ཀྱི་རྣམ་པར་སྤྲུལ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །ཐུབ་བསྟན་སྤྱི་དང་གསང་སྔགས་ནང་རྒྱུད་དང་། །འཛམ་གླིང་སྤྱི་དང་གངས་ཅན་བོད་ཀྱི་ཡུལ། །རྟག་ཏུ་སྐྱོང་བའི་གཡར་དམ་མི་བསྙེལ་བ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །བདག་ཅག་སྔོན་གྱི་ལས་འཕྲོ་མི་དམན་ཅིང་། །དེང་འདིར་དམ་ཆོས་འཛིན་ཅིང་སྤེལ་བ་ལ། །བར་དུ་གཅོད་པ་ཀུན་ལས་སྐྱོབ་མཛད་པ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །འཇིགས་རུང་སྐུ་ཡི་ཉམས་དང་བཞད་པའི་སྒྲ། །མཐོང་ཐོས་དྲན་པས་ནག་ཕྱོགས་སྤ་སྐོང་ཞིང་། །དཀར་ཕྱོགས་རྣམ་པར་རྒྱལ་བའི་དཔལ་སྟེར་བ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །སྒྲོལ་མ་དཀར་སྔོན་རྡོ་རྗེ་གཡུ་སྒྲོན་སོགས། །དྭངས་སྨན་ཌཱཀྐིའི་གཟུགས་སུ་རྣམ་རོལ་ནས། །རྣམ་བཞིའི་ལས་ཀུན་བསྒྲུབ་པའི་གྲོགས་མཛད་པ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །སྲིད་གསུམ་ཆེ་དགུའི་གཙུག་ན་མངོན་མཐོ་ཞིང་། །གང་བརྩམས་དོན་ཀུན་འབད་མེད་སྒྲུབ་པ་ལ། །གློག་ལྟར་མྱུར་བའི་འཕྲིན་ལས་རྩལ་ཤུགས་ཅན། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །རིན་ཆེན་རིགས་དང་འབྲུ་རིགས་རྐང་འགྲོས་སོགས། །ཕན་བདེ་འཛད་མེད་གཏེར་གྱི་སྒོ་ཕྱེ་ནས། །ཟག་བྲལ་ནམ་མཁའ་མཛོད་ལ་དབང་འབྱོར་བ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །ཟབ་ལམ་གསང་བ་སྔགས་ཀྱི་སྒོར་ཞུགས་ནས། །ཚེ་གཅིག་སངས་རྒྱས་བསྒྲུབ་པར་དམ་བཅས་ནས། །ཁྱེད་ཉིད་བསྙེན་ཅིང་བསྒྲུབ་ལ་ཆེར་དགོངས་པ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །རིག་སྟོང་སེམས་ཀྱི་རང་ཞལ་འཇལ་བ་ལས། །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྒྱལ་ཐབས་ཆེ། །མངོན་དུ་བྱེད་ལ་མ་ཡིས་བུ་ལྟར་སྐྱོངས། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །བླ་མ་མཉམ་མེད་རྒྱལ་མཆོག་རིན་པོ་ཆེ། །ཡི་དམ་ལྷ་མཆོག་རྡོ་རྗེ་ཚེ་ཡི་རྒྱལ། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་སེང་ཆེན་རྗེ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །སྔོན་སྨོན་དུས་སུ་སད་པའི་སྐྱེས་བུ་ཡི། །རིག་ཁམས་དྭངས་མའི་རྩལ་ལ་མངོན་རོལ་ནས། །གཟུངས་སྤོབས་ཤེས་རབ་གཏེར་གྱི་སྒོ་འབྱེད་པ། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །ལེགས་ཚོགས་འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར། །མཁྱེན་བརྩེ་ནུས་པའི་རྩལ་འཆང་སངས་རྒྱས་དངོས། །ཕ་རོལ་རྒོལ་བ་འཇོམས་ལ་ལྷ་ཡི་དཔུང་། །གླིང་དཀར་དཔའ་བོའི་བསྟན་པ་རྒྱས་གྱུར་ཅིག །བཀྲ་ཤིས་གང་ཞིག་སེང་ཆེན་སྐྱེས་བུ་ཡི། །བྱིན་རླབས་སྤྲིན་སྔོན་བཞད་པའི་གུར་ཁྱིམ་ནས། །མཐུན་འགྱུར་གསུང་གི་སྦྲང་ཆར་འཇོ་བ་ལས། །ལེགས་ཚོགས་དཔྱིད་དཔལ་རྒྱས་པའི་བཀྲ་ཤིས་ཤོག

དེ་ལྟར་གླིང་རྗེ་སེང་ཆེན་སྐྱེས་བུའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་གྲངས་ཀྱི་ཁྱད་པར་དུ་བྱས་པ་འདི་ནི། གླིང་དཀར་པོའི་བསྟན་པ་ལ་མཛད་རྗེས་བླ་ན་མཐོ་བའི་གྲོགས་མཆོག་སྨིན་དབུས་ཨ་དཀར་པོའི་ཐུགས་བསྐྱེད་འོག། དཔའ་བོ་གླིང་གི་བསྟན་པ་ལ་ལག་རྗེས་ཕྲན་ཙམ་འཇོག་ཐུབ་ན་སྙམ་པའི་མོས་པ་ཡིད་བྱེད་མཁན་ཁྲོཾ་ཐར་འཇམ་བློར་འབོད་པས། གསེར་ལྡན་མེ་བྱ་ལོའི་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཞོགས་པ་མལ་ས་ནས་སྐར་མ་ཉི་ཤུ་ཙམ་གྱི་ཡུན་ལ་ཡིད་ལ་གང་ཤར་བྲིས་པ་ཛ་ཡནྟུ།། །།


  • ལེ་ཚན་སྔོན་མ།:ཧོར་བྲག་མགོའི་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་གཏམ།
  • ལེ་ཚན་རྗེས་མ།:གེ་སར་གྱི་ཆིབས་པ་འདོགས་སའི་ཀ་བ།
  • དོ་སྣང་ཆེ་བའི་རྩོམ།