སྐད་གསུམ་གྱི་གཤོག་ཟུང་གིས་ནམ་འཕང་གཅོད་བཞིན་པའི་རིགས་ཀྱི་བུ།

        2018-05-11

སྐད་གསུམ་གྱི་གཤོག་ཟུང་གིས་ནམ་འཕང་གཅོད་བཞིན་པའི་རིགས་ཀྱི་བུ།

    1998ལོར། རྣམ་རྒྱལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་གཉེར་དུ་ཞུགས་རིང་རྒྱ་བོད་ཡིག་བསྒྱུར་སྐོར་གྱི་རིགས་པའི་གཞུང་ལུགས་ཐད་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་པ་དང་།བོད་རྒྱ་ཤན་སྦྱར་གྱི་སྤྱོད་འཇུག་གི་གཞུང་ལ་ཐེངས་མང་བལྟས་ཤིང་དཔེ་ཀློག་བྱས་པ་སོགས་འབད་བརྩོན་ལྷོད་མེད་བྱས་ནས་ཡིག་བསྒྱུར་གྱི་ཤེས་བྱའི་རྨང་གཞི་བརྟན་པོར་བཏིང་བ་རེད། 2002ལོར་ཁོ་རང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་རྒྱ་དབྱིན་གྱི་ཆེད་སྦྱོང་ཚན་ཁག་ཏུ་རྒྱུགས་འཕྲོད་ནས་སློབ་གཉེར་དུ་ཞུགས་རིང་ལོ་ཙཱའི་གཞུང་ལུགས་ཀྱི་དཔེ་ཆ་མང་པོ་བཀླགས་ཤིང་ཡིག་བསྒྱུར་གྱི་ལག་ལེན་དངོས་དང་འབྲེལ་ནས་སློབ་སྦྱོང་ཟབ་པོར་བྱས་པ་དང་། ཁོས་རང་གི་ཡིག་བསྒྱུར་ལག་བྲིས་མ《ཐེ་ཀོར་གྱི་སྙན་ངག་ཕྱོགས་བསྒྲིགས》དགེ་རྒན་ལ་གཟིགས་ཞིབ་ཏུ་ཕུལ་བ་ན། དགེ་རྒན་གྱིས་གདེང་འཇོག་མཐོན་པོ་གནང་བར་མ་ཟད། རང་གིས་ཀློག་བཞིན་བུ་ལ་ཉན་དུ་བཅུག་པ་དང་། མི་འདང་བ་རེ་འགའི་ཆ་ནས་ལེགས་བཅོས་ཀྱང་གནང་བ་རེད།རྣམ་རྒྱལ་གྱིས་དེ་ནི་ངའི་ཡིག་བསྒྱུར་སྐོར་གྱི་བརྩམས་ཆོས་ཐོག་མ་དེ་ཡིན་ལ། དེ་ནི་ཕྱི་རྒྱལ་གྱི་བརྩམས་ཆོས་གྲགས་ཅན་ཞིག་ཡིན་པས་བོད་ཡིག་ཏུ་བསྒྱུར་དགོས་ན་དཀའ་ངལ་མི་ཉུང་བ་ཞིག་དང་འཕྲད་སྲིད་ལ། དགེ་རྒན་གྱིས་ང་ལ་སྐུལ་ལྕག་ཆེན་པོ་གནང་བ་དེའང་བོད་རྒྱ་དང་། དབྱིན་བོད་སོགས་ཀྱི་ཡིག་སྒྱུར་ལས་ཀའི་ཁྲོད་དུ་ལོ་ཙཱའི་ཤེས་ལྡན་མི་སྣ་ད་དུང་ཅུང་དཀོན་པའི་རྒྱུ་མཚན་གྱིས་རེད་ཅེས་དང་། འགྲོ་བ་མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་འདི་དག་བརྒྱུད་བསྒྲགས་བྱ་དགོས་ན། ཡིག་བསྒྱུར་ལས་དོན་པ་དག་ནི་མེད་དུ་མི་རུང་བ་ཡིན་ནོ་ཞེས་བཤད་དོ།།

   རྣམ་རྒྱལ་སློབ་ཆེན་ནས་མཐར་ཕྱིན་རྗེས་སྤྱི་བདེའི་སྡེ་ཁག་ཏུ་རྒྱུགས་འཕྲོད་དེ་རྒྱལ་ཕྱི་ནང་དུ་འགྲོ་འོང་བྱེད་པར་འགྲོ་ལུགས་སྒྲུབ་སའི་ལས་སྒྲུབ་ཁང་དུ་ལས་ཀ་གཉེར་བ་དང་། ལས་གནས་དེ་རུ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་བེད་སྤྱོད་ཀྱི་གོ་སྐབས་བཟང་བས་རང་ཉིད་ཀྱི་སྐད་ཡིག་དེ་དག་གི་ཆེད་ལས་ཐད་ཡར་ཐོན་ཆེན་པོ་བྱུང་བ་རེད། སྤྱི་བདེའི་སྡེ་ཁག་ཏུ་ལས་ཀ་སྒྲུབ་རིང་ཁོ་རང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡའི་རྩོམ་རིག་གི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་པ་དང་། 2017ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་ཏེ་སློབ་ཐོན་བྱུང་བ་རེད།

   2006ལོར་རྣམ་རྒྱལ་གྱིས《མཚོན་ཆ་དང་གྱེས་པའི་སྒྲུང་།》བོད་ཡིག་ཏུ་བསྒྱུར་འགོ་བརྩམས་པ་དང་། 2016ལོའི་ཟླ་བ9པར《མཚོན་ཆ་དང་གྱེས་པའི་སྒྲུང་།》གི་བོད་འགྱུར་མ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། 2017ལོར་བརྩམས་ཆོས་དེར༼ དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ༽ ཐོབ་པ་རེད།《མཚོན་ཆ་དང་གྱེས་པའི་སྒྲུང་།》ནི་ཨ་རིའི་བརྩམས་སྒྲུང་མཁས་ཅན་ཨོའུ་ནེ་སི་ཐེ·ཧེ་མེན་ཝེ་ཡིས་བརྩམས་པའི་སྒྲུང་རིང་ཞིག་ཡིན་ཞིང་། བརྩམས་ཆོས་དེས་གཞོན་ནུ་ཧྥོ་རུའེ་ཏེ་ལི་ཁེ·ཧེང་ལི་དང་ནད་གཡོག་ཁེ་སི་ལིན་གཉིས་ཀྱི་བརྩེ་དུང་ཞིབ་བརྗོད་བྱས་པར་བརྒྱུད། ཁུངས་ལུང་མེད་ལ་གདུག་རྩུབ་ཆེ་བའི་དམག་འཁྲུག་གི་རྣམ་པ་གསལ་སྟོན་བྱས་པ་དང་། དམག་འཁྲུག་ལས་མི་དང་མིའི་བར་དམར་གསོད་བྱེད་པ་དང་དམག་འཁྲུག་གིས་མིའི་བསམ་པ་དང་བརྩེ་དུང་རྨེག་མེད་དུ་བཏང་བ་བཅས་མཚོན་ཡོད། ལོ་ཙཱའི་ལས་དོན་པ་ནི་མི་རིགས་དང་མི་རིགས་བར་སྐད་ཡིག་མི་འདྲ་བ་དང་རིག་གནས་མི་འདྲ་བ་སྤེལ་རེས་བྱེད་མཁན་གྱི་ཟམ་པ་ལྟ་བུ་ཞིག་ཡིན་ཏེ། གལ་ཏེ་འབྲེལ་ཟམ་དེ་ཡག་པོ་མ་བྱུང་ཚེ་གཞི་ནས་ཕན་ཚུན་འབྲེལ་མཐུན་བྱེད་པར་བར་ཆད་དང་གནོད་སྐྱོན་ཐེབས་ངེས་རེད་ཅེས་རྣམ་རྒྱལ་གྱིས་རྒྱུན་པར་རང་ཉིད་ལ་བླང་བྱ་མཐོན་པོ་བཏོན་བཞིན་ཡོད།

   རྣམ་རྒྱལ་གྱིས་སྐད་རིགས་མི་འདྲ་བའི་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་ནི་རང་གི་མི་ཚེའི་ཁྲོད་ཀྱི་མེད་དུ་མི་རུང་བའི་བྱ་བ་ཞིག་ཡིན་ལ།ངས་ཅི་འཇོན་གང་ནུས་ཀྱིས་བོད་མི་རིགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བའི་བརྩམས་ཆོས་རེ་གསར་རྩོམ་བྱེད་པར་འབད་བརྩོན་བྱ་ངེས་ཡིན་ཞེས་བཤད་པ་དང་།《མཚོན་ཆ་དང་གྱེས་པའི་སྒྲུང་།》བོད་འགྱུར་མར༼ དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ ༽ ཐོབ་པ་དེས་རང་ཉིད་ཀྱི་ལོ་ཙཱའི་བྱ་བར་སྐུལ་ལྕག་ཤིག་གི་ཚད་དུ་མ་ཟད། རྒྱ་ཆེ་བའི་ལོ་ཙཱའི་ལས་དོན་པ་དག་ལ་དེ་བས་རྒྱབ་སྐྱོར་དང་མཐོང་ཆེན་གནང་བ་རེད་ཅེས་དང་། ལོ་ཙཱའི་ལས་དོན་དེ་སིལ་སྡོང་ཞིག་ལ་ཆ་བཞག་ནས་བཤད་ན། སྤྱི་ཚོགས་ཀྱིས་དེ་ལ་བརྩི་མཐོང་དང་རྒྱབ་སྐྱོར་གནང་བ་ནི་ལུད་འཇོག་པ་ལྟ་བུ་རེད། ས་གཤིས་ཀྱི་བཟང་ངན་དང་ཆུ་ལུད་ཀྱི་རྒྱུ་རྐྱེན་གྱིས་ཐད་ཀར་དེའི་འབྲས་བུ་སྨིན་ཚུལ་ལ་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་བཤད་དོ།།

   ད་ཆ་རྣམ་རྒྱལ་གྱིས་བོད་རིགས་དཀྱུས་མ་ཞིག་གིས་ཇི་ལྟར་བྱས་ནས་དུས་རབས་གསར་པར་བསུ་མ་ཞུ་བ་དང་། དུས་རབས་གསར་པའི་ནང་ཁོ་ཚོས་ཇི་ལྟར་བྱས་ཏེ་འཚོ་བ་རོལ་ཞིང་དེ་མཚུངས་ཀྱི་འགྱུར་ལྡོག་སོགས་ཀྱི་བརྗོད་གཞིར་གཞིགས་ནས་རྒྱ་ཡིག་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཐུང་གྲས་ཤིག་འབྲི་བཞིན་ཡོད། ཕྱིན་ཆད་ཁོས་ད་དུང་བརྩམས་སྒྲུང་རིང་གྲས་ཤིག་བྲི་རྒྱུའི་འཆར་གཞི་ཡོད་ལ། རང་གི་ནུས་པས་གང་ལྕོགས་ཀྱིས་བརྩམས་སྒྲུང་དང་སྙན་ངག་གསར་རྩོམ་གྱི་ཁ་ཕྱོགས་ལ་དམིགས་ཏེ་མུ་མཐུད་དེ་བོད་རྒྱ་དབྱིན་གསུམ་གྱི་གསར་རྩོམ་ལ་འཇུག་རྒྱུ་དང་། ཀློག་པ་པོ་དེ་བས་མང་པོ་ཞིག་ལ་སྐད་ཡིག་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཇེ་ཆེར་དང་མྱོང་ཚོར་ཇེ་ཟབ་ཏུ་གཏང་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་སྤྲོ་བའི་ཉམས་དང་བཅས་ཏེ་དེ་ལྟར་བཤད་དོ།།

 


  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་རྩོམ་རིག་གར་སྟེགས་ཐོག་ཏུ་བསྐྱོད་བཞིན་པའི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་།
  • ལེ་ཚན་རྗེས་མ།:ཕ་སྐད་གསར་རྩོམ་གྱི་རིག་པའི་དཔའ་བོ།