སྒེའུ་ཁུང་ཕྱི་རོལ་ཏུ།

རྡོ་རྗེ་དོན་གྲུབ།        2018-05-03

   སྒེའུ་ཁུང་ཕྱི་རོལ་ཏུ། གངས་ཆར་བསྲེས་མ་འབབ་ཀྱིན་འདུག དེ་འདྲའི་གནམ་གཤིས་ཀྱི་འཇོམས་པས་ང་རང་སྒུལ་བྱུང་། ངའི་སྙན་ངག་དང་ཁོར་ཡུག______

   ངས་ཁོར་ཡུག་གི་འགྱུར་བག་བར་ནས། ཡོད་ཚད་གོ་རིམ་ཞིག་གི་སླད་དུ། ཉེ་འཁོར་གྱི་ཐ་སྙད་ཚིག་ཚོགས་དག་ལ་འཁྲེང་།

  ངལ་དུབ་ཀྱི་ཉིན་ཚན་རེ་མོས་སུ། ང་ཚོས་ཅི་ཞིག་འཚོལ་གྱིན་ཡོད། ཕྱི་ནང་གི་གོ་རིམ་འབའ་ཞིག་གི་སླད་དུ་ཨེ་ཡིན་བསམ་གྱིན་དུ། བསམ་བློའི་འཕྱང་གཞི་བར་ནས་རང་ཉིད་སྔ་མོ་ནས་བོར་ཟིན།

   སྒེའུ་ཁུང་ཕྱི་རོལ་ཏུ་འདུ་འཛིས་དབུལ་བའི་ཁངས་ཆར་བསྲེས་མ་ཞིག་འབབ་གྱིན་འདུག། ངས་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོ་དྲན་གྱིན་ཡོད། ཨ་ཐང་ཆད་པའི་འབྱིན་སྒྲ་ཞིག་བསླངས་རྗེས་བསམ་བློའི་གཏིང་དུ་འཕྱང་། སྒེའུ་ཁུང་ཕྱི་རོལ་ཏུ། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་། རྩྭ་ཐང་། གངས་རི། གནམ་ཕུང་གི་སྤྲིན་པ། རྟ་ནོར་ལུག་གསུམ། མདོར་ན་ཡོད་ཚད་འཛོམས།

   དེ་གར་ངས་དགའ་སྐྱོ་ཆགས་སྡང་གི་ཚིག་ཕྲེང་ཅིག་བསྒྲིགས་ནས། སྙན་ངག་དང་སྒྲུང་གཏམ་མང་པོ་བྲིས་ཆོག་ལ། སྙིང་གཏམ་ཡང་ལྷུག་གར་བརྗོད་ཆོག། གནས་མལ་དྲོན་མོ་ཞིག་ཀྱང་བསླས་ཆོག་པ་མ་ཡིན་ནམ།

   ཡངས་པའི་གནམ་སའི་འདྲེས་མཚམས་འདི་ནས། ཕྱི་ནང་གི་བར་ཐག་ཉེ་ཙ་ན། ང་རང་ནང་དུ་ལུས། ཁོ་རང་ཚོ་ཕྱི་ན་གནས།

   ཡིན་ཡང་། ཉི་ཟླའི་འཕྱང་འཕྲུལ་འོག་ཏུ་གནས་པའི་ཕ་ཡུལ་གཞོངས་པ་རུ། ངའི་རྨི་ལམ་གྱི་འཚོ་གཞིས་སྨིན་ཡོད་ལ། དེར་གར་ངའི་འདུ་བྱེད་གཉིས་ཀྱི་བདེན་པའང་བཅོལ་ཡོད། ཤ་རུས་ཁྲག་གསུམ་ལས་སྐྱེས་པའི་རྣམ་ཤེས་ཀྱི་དགོད་སྒྲ་དང་ངུ་ངག་གི་དབྱངས་རྟ་སྙན་མོ་སྦུབས་སུ་སྦྲུམ་ཡོད། བསམ་གྱིན་བསམ་གྱིན། སྒེའུ་ཁུང་ཕྱི་རོལ་ཏུ་འཁྲེང་།  


  • ལེ་ཚན་སྔོན་མ།:འཚོ་བའི་ན་ཟུག
  • ལེ་ཚན་རྗེས་མ།:བགོ་སྐལ་དུ་ཐོབ་པ་ནི་མཆོག་གྱུར་གྱི་ཨ་མ་ཡིན།