བཤད་མི་ཚར་བའི་གེ་སར་སྒྲུང་བ་བུ་ཐོས་དགའ་ཡི་གནས་ཚུལ་མདོར་བསྡུས།

རིན་ཆེན་འཚོ    ཀྲུང་གོའི་བོད་ཀྱི་དྲ་བ།    2011-04-07

བུ་ཐོས་དགའ་ནི་ཁམས་སྟོན་སྐྱེ་རྒུ་མདོ་ནས་སྐྱེས་ཤིང་། ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་ལེགས་པར་སྦྱངས། ཁོང་རང་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་དུ་ཆེས་བརྗེད་པར་དཀའ་བ་ཞིག་ནི་«གེ་སར་སྒྲུང»གིས་ཁོའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་དེ་ཡིན། ཁོ་རང་ལོ18སྟེང་བྱ་བར་ཞུགས་པ་ནས་ཟུང«གེ་སར་སྒྲུང»འཚོལ་སྡུད་དང་ལེགས་སྒྲིག་བྱེད་པར་རང་ནུས་ཡོད་ཚད་བཏོན་ཏེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུ་འཛིན་དང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག  ཡིན་ནའང་། རིག་གནས་གསར་བརྗེ་ཆེན་པོའི་ལོ་བཅུའི་གོད་ཆག་གི་སྐབས་སུ་བུ་ཐོས་དགས་ཀྱང་གེ་སར་སྒྲུང་གི་ལོ་རྒྱུས་ལྟ་བུའི་སྐྱོ་གར་མང་པོ་བརྒྱུད་པར་མ་ཟད། ཁོས་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་སྒྲུང་དཔེ་མང་པོ་ཞིག་ཀྱང་བོར་བརླག་ཏུ་བཏང་། ཏང་གི་ཚོགས་ཆེན་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཁོས་སྔར་བཞིན«གེ་སར་སྒྲུང»མྱུར་སྐྱོབ་བྱེད་པའི་དུས་མཚུངས་སུ་རང་གི་སྒྲུང་བཤད་ཤེས་པའི་ཁྱད་ཆོས་གཙོ་བོ་འདོན་སྤེལ་བྱས་པས་མི་རྣམས་ཀྱིས་ཁོ་ལ་བཤད་མི་ཚར་བའི་སྒྲུང་བ་བུ་ཐོས་དགའ་ཞེས་བསྔགས་བརྗོད་བྱེད་ཡུལ་དུ་གྱུར་ཞིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་རིག་གནས་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཁན་མཐུན་ཚོགས་བཅས་ཀྱིས་ཁོ་ལ«གེ་སར་སྒྲུང»གི་བྱ་བ་སྒྲུབ་མཁན་གྱི་གཟི་བརྗིད་མཚན་སྙན་གནང་།    
  1987ལོའི་ཚུན་ལ་ཁོས་སྔ་རྗེས་སུ«སྐྱིད་རོང་ལུག་རྫོང»དང«གྲུ་གུ་གོ་རྫོང»སོགས་འཚོལ་སྡུད་དང་སྒྲ་ཕབ། ལེགས་སྒྲིག་བཅས་བྱས་ཏེ་པར་དུ་བསྐྲུན། ཁོས་བཤད་པའི་སྒྲུང་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་ཞིང་། གཙོ་བོ་ནི་ཁོ་རང་ཡི་གེར་བྱང་ཆ་ཡོད་པའི་རྐྱེན་གྱིས་ཚིག་བརྗོད་དག་ཅིང་འབྲུ་གསལ་བ། ཚིག་གི་གཅོད་མཚམས་འོས་ཤིང་འཚམས་པས་བོད་ཡུལ་གྱི་མིང་དུ་གྲགས་པའི་གེ་སར་སྒྲུང་བའི་གྲས་གཅིག་རེད། ད་ལྟ་ཁོས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་གེ་སར་སྒྲུང་མྱུར་སྐྱོབ་བྱ་བར་འབད་བཞིན་ཡོད།
  • ལེ་ཚན་སྔོན་མ།:སྒྲུང་མཁན་གྲགས་ཅན་གཡུ་སྨན།
  • ལེ་ཚན་རྗེས་མ།:བཤད་ན་ཚར་རྒྱུ་མེད་པའི་སྒྲུང་བ་ངག་རིག་གླེང་བ།