སླེབས་ལ་ཉེ་བའི་དཔྱིད་ཀྱི་དཔལ་མོ།

ཉི་མ་རྡོ་རྗེ།        2018-04-26

   མེ་ཏོག་གི་བཀྲག་མདངས་ཁྱེར་བའི་དཔྱིད་ཀ་འདི་འུ་ཅག་དང་ཐག་ཇེ་ཉེ་ནས་ཇེ་ཉེ། ས་འཁྱག་ནས་འབུས་པའི་མཉེན་ལྕུག་འདིས་གྲང་ངར་ཁྲོད་དུ་ལུས་པའི་ས་འཛིན་འདི་ལ་གསོན་ཤུགས་སྟེར། རེད་ཡ། འདི་ནི་དུས་ཚིགས་ཞིག་གིས་སྟེར་བའི་རྣམ་པ་སྟེ། གསོན་ཤུགས་ལྡན་པའི་དུས་ཚིགས་འདིས་མིའི་ཡིད་སེམས་ལ་དགའ་བ་སྟེར་བ་ནི་འདི་ལ་མངའ་བའི་རང་གཤིས་ཤིག དགུན་འཁྱག་འདི་ན་ནིང་དང་འདྲ་བར་སོང་ལ་ཉེ། རང་ཅག་གི་དཔྱིད་ཀྱི་དཔལ་མོ་འདི་བརྒྱུད་ནས་མེ་ཏོག་འདབ་བརྒྱ་བཞད་པའི་ཡུལ་ཀླུང་དང་། མགྲིན་པའི་རྫ་རྔ་བརྡུང་བའི་ཁུ་བྱུག་སྔོན་མོ་རྣམས་བསུས་ཏེ་དབྱར་གྱི་དཔལ་ཡོན་ལ་མངོན་མེད་ལོངས་སུ་སྤྱོད་པར་རེ་སྒུག་བྱེད་ཡ། ཨེ་མ། སླེབས་ལ་ཉེ་བའི་དཔྱིད་ཀྱི་དུས་ཚིགས་ཡ། ཁྱོད་ནི་སྙན་ངག་པས་བསྟོད་འདོད་ཆེ་བའི་དུས་ཚིགས་ཤིག་དང་། མི་རྣམས་ཀྱི་རོལ་འདོད་ཆེ་བའི་དུས་ཚིགས་ཤིག་སྟེ། ཐ་ན་བྱིས་པ་སྣབས་ལུག་རྣམས་ཀྱིས་སྤང་ལྗོངས་དངོས་སུ་གནས་པའི་མཚེའུ་ལས་ཆུ་རྩེད་སོགས་རྩེད་མོ་སྣ་ཚོགས་རྩེད་པའི་དུས་ཚིགས་ཤིག་སྟེ། རྩྭ་ཐང་གི་དབྱར་ཁ་ནི་དངོས་གནས་ལྷ་ཡུལ་མི་ཡུལ་དུ་འཕོས་འདྲ་ཞིག་རེད་ཨང་།

   དཔྱིད་ཀྱི་འབྲུག་སྒྲ་གྲག་ཐེངས་གཅིག་གིས་དགུན་གཅིག་མནལ་དུ་གཟིམས་པའི་བྱི་བ་རྒྱ་ལི་གཉིད་ལས་དཀྲོག ཆར་ཟིམ་མ་འབབ་ཐེངས་གཅིག་གིས་རྩྭ་ཐང་ཡངས་པོའི་གོན་པ་ལྗང་མདོག་ཏུ་བསྒྱུར། ཨེ་མ་ཡ་ཨེ་མ། དཔྱིད་ཀྱི་དུས་ཚིགས་འདི་ནི་མིའི་ཡིད་ཀྱི་དང་བ་འདྲེན་བྱེད་ཞིག་དང་། རེ་བས་ཁེངས་བའི་དུས་ཚིགས་ཤིག་ཡིན་པ་དེ་མེ་ཏོག་སྣ་བརྒྱ་ཁྲ་ལམ་མེར་བཞད་ནས་མིའི་རིགས་ལ་སྤྲོ་བ་བསྐྱེད་པ་ལས་ཤེས་ཐུབ། མགྲོན་དུ་བསུ་ཡ་མགྲོན་དུ་བསུ། དྲོད་འཇམ་གྱི་དཔྱིད་ཀ་འདི་ལ་ང་ཚོས་དགའ་སྤྲོ་འཁོལ་པོས་མགྲོན་དུ་བསུ། དགུན་གཞུང་རིང་མོ་འདིས་ང་ཚོ་ལ་གྲང་ངར་གྱིས་གཙེ་ཆེ་ཆེ་བས་ད་ནི་དཔྱིད་ཀྱི་དཔལ་མོ་འདི་མདུན་དུ་བསུས་ནས་དེར་ལོངས་སུ་སྤྱོད་རན་ཡོད།

    དཔྱིད་ཀ ཁྱོད་ནི་བྲེལ་ཟིང་ཆེ་བའི་དུས་ཚིགས་ཤིག ནས་དཀར་ཞིང་ལ་བཏབ་ནས་རེ་བའི་སྨོན་ལམ་བཏབ། རེ་བས་ཁེངས་བའི་དཔྱིད་ཀ་ནི་ང་ཚོས་རེ་སྒུག་བྱེད་པའི་དུས་ཚིགས་ཤིག། 


  • ལེ་ཚན་སྔོན་མ།:གནས་བབ་དང་བསྟུན་ནས་ཐོན་ལས་གསོ་སྐྱོང་བྱ་དགོས།
  • ལེ་ཚན་རྗེས་མ།: ཕ་གཞིས།