ཧོར་ཤོད་སེང་གེ་བྲག་གི་གཏེར་རིའི་ལོ་རྒྱུས།

ས་འགོ་སྤྲུལ་སྐུ་ནོར་བུ་དྲི་མེད།        2018-04-25

      ཏྲེ་ཧོར་འདན་མདོ་ཁང་དམར་བྲག་གི་ཉེ་ཆར། ཧོར་ཤོད་སེང་གེ་བྲག་གི་གཏེར་རི་འདིའི་ལོ་རྒྱུས་ཅུང་ཟད་བཤད་པ། དེ་ཡང་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས། བསམ་ཡས་མཆིམས་ཕུ་ཀླུ་འདུལ་ཁྱུང་ཆེན་ཕུག་ནས་ལུང་བྱང་ཤེལ་གྱི་མེ་ལོང་འཁོར་ཚོགས་རྣམས་ལས་བཀའ་བསྩལ་པ། བོད་ཀྱི་ཇོ་མོ༔མཚོ་རྒྱལ་མ༔སྣོད་ལྡན་བུ་མོ་རིགས་བཟང་མ༔མ་འོང་ལས་ཅན་བཙས་སུ་བཞག༔མི་ལོ་ཆིག་སྟོང་ཉི་ཤུའི་འོག༔ཚེ་ལོ་སུམ་ཅུ་ཁ་རལ་དུས༔ད་ལྟའི་སེམས་མ་མཚོ་རྒྱལ་ཁྱོད༔གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར༔འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་འབྱུང༔རྒྱལ་ཁམས་ཤར་གྱི་ཕྱོགས་རོལ་ནས༔རི་བོ་སེང་ཆེན་འགྱིང་འདྲའི་ཞོལ༔ཕ་ནི་འབྲི་རིགས་རྒྱལ་གྱི་མིང༔མ་ནི་སྦྲ་རིགས་སྐྱིད་ཀྱི་མིང་༔གདུག་པ་སྟག་དྭ་དགྲ་སྦྱོར་དུ༔ཤིང་ཁམས་ཕག་གི་ལོ་པ་ནི༔སྐྱེས་བུ་པདྨ་རོལ་པ་རྩལ༔ལུས་རྟགས་དཔའ་བོ་སྟག་ཤམས་ཅན༔པདྨ་ང་ལ་མོས་པ་འབྱུང༔སྔོན་གྱི་བག་ཆགས་འཕྲོ་སད་ནས༔ང་ཡི་ཟབ་གཏེར་བདག་པོ་བྱེད༔ང་དང་ཡང་ཡང་མཇལ་བར་འགྱུར༔ཟབ་ཆོས་འདི་དང་འཕྲད་ནས་ནི༔རྟེན་འབྲེལ་ལོག་པ་མ་བྱུང་ན༔མི་ལོ་དྲུག་ཅུ་རེ་བཞིའི་བར༔བསྟན་པ་གདུལ་བྱ་སྐྱོད་བར་འགྱུར༔མཐའ་བཞི་དམག་གི་དར་ཁ་བཟློག༔ཐེ་ཚོམ་མེད་དོ་ཕྱི་རབས་རྣམས༔ལས་ཅན་སྐྱེས་བུ་དེ་ཉིད་ལ༔ལས་ལྡན་རྩ་བའི་གཟུངས་མ་གསུམ༔དཀྱིལ་འཁོར་འཛིན་པའི་ཆོད་བདག་བཞི༔སྐལ་ལྡན་བརྒྱུད་འཛིན་སྐྱེས་བུ་དྲུག༔ལུང་ཟིན་ཉི་ཤུ་རྩ་ལྔ་འབྱུང༔ཞེས་ལུང་བསྟན་ཏེ༔གསང་བདག་དྲེགས་པ་ཀུན་འདུལ་ཕྱིའི་དཀྱིལ་འཁོར༔རྟ་མགྲིན་ནག་པོ་ཀླུ་འདུལ་ནང་གི་དཀྱིལ་ལཁོར༔བྱ་ཁྱུང་རྡོ་རྗེ་ཀླུ་འདུལ་གསང་བའི་དཀྱིལ་འཁོར་རྣམས་ཀྱི་ཞལ་ཕྱེས་ནས༔དབང་བསྐུར་སྒྲུབ་པ་མཛད་ཅིང་བསྟན་འགྲོའི་བཙས་སུ་བཞག  དེའི་ནང་ནས་བྱ་ཁྱུང་རྡོ་རྗེ་ཀླུ་འདུལ་གྱི་སྒྲུབ་སྐོར་ཆ་ལག་དང་བཅས་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། མ་གཏེར་དང་བུ་གཏེར་གཉིས་སུ་ཕྱེས་ནས་མཁའ་འགྲོའི་བརྡ་རིས་ཤོག་སེར་དུ་བཀོད་དེ། མ་གཏེར་ནི་ཁམས་རིན་ཆེན་བརྡར་བའི་སྒྲོམ་དུ་བཅུག་ནས། རྒྱལ་མོ་རོང་གི་གནས་ཆེན་གསེར་ཤོད་རྨ་ཁྱུང་རྡོ་རྗེ་བྲག་ལ་གཏེར་དུ་སྦས། བུ་གཏེར་ནི་ཁམས་རིན་པོ་ཆེ་བརྡར་བའི་སྒྲོམ་བུ་སྦྲུལ་ལྤགས་ཀྱིས་དྲིལ་ནས། ཧོར་ཤོད་སེང་གེ་བྲག་གི་གནས་ཆེན། སྲིན་མོ་ཉལ་འདྲའི་ལྟོ་བ། རི་ནག་སྡིག་པ་འདྲ་བའི་འདབས་ཞོལ། ཆུ་བོ་དལ་འབབ་འཁྱིལ་བའི་ཀླུང་འགྲམ། ཀླུ་བདུད་རྒྱལ་པོའོ་ཕོ་བྲང་། ཕ་བོང་རུས་སྦལ་ཐུར་རྒྱུག་འདྲ་བའི་ལྟོ་བ་རུ། སྨོན་ལམ་གཏད་རྒྱ་དང་བཅས་པར་གཏེར་དུ་སྦས་ནས། གཏེར་སྲུང་བདུད་བཙན་ཀླུ་གསུམ་ལ་གཉེར་དུ་བཅོལ་ལོ།། གཞན་ཡང་ཊཱཀྐི་སེང་ཧ་ནག་མོའི་ཆོས་སྐོར། རྡོ་རྗེ་གྲོ་ལོད་ཀྱི་ཆོས་སྐོར། གཤིན་རྗེའི་ཆོས་སྐོར། དབང་མཛད་པདྨ་མཁའ་འགྲོའི་ཆོས་སྐོར་རྣམས་ཀྱང་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ། གཏེར་སྲུང་སོ་སོ་ལ་གཉེར་དུ་བཅོལ་ནས་གནས་མཆོག་འདི་རུ་གཏེར་དུ་སྦས་སོ།།  དེ་ནས་ལུང་བསྟན་དུས་ལ་བབ་སྟེ། སྒོ་འཛི་གཏེར་ཆེན། ཡེ་ཤེས་འབྱུང་གནས་པདྨ་བདེ་ཆེན་རོལ་པ་རྩལ་ནི། སྤྱི་ལོ༡༨༧༥རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཕག་གི་ལོ་ལ། ཡབ་སྒོ་འཛི་རྣམ་པར་རྒྱལ་དང་། ཡུམ་ཞིག་བཟའ་བུ་མོ་སྐྱིད་གཉིས་ཀྱི་སྲས་སུ། མདོ་ཁམས་སྨད་གླིང་གི།  བྲག་དམར་སེང་གེ་གནམ་རྫོང་གི་ཉེ་འདབས་སུ་སྐུ་འཁྲུངས། ཆུང་ནས་བཟུང་གྲྭ་མདའ་ཀརྨ་སོགས་སྐྱེས་ཆེན་གྱི་བླ་མ་མང་པོ་རིགས་ཀྱི་བདག་པོར་བསྟེན་ནས། རིག་པའི་གནས་ལྔ་ལ་མཁས་ཤིང་། སྔོན་གྱི་བག་ཆགས་སད་དེ། སྐྱེས་སྟོབས་ཀྱི་ཤེས་རབ་ངང་གིས་འཕེལ། ཁྱད་པར་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་དངོས་སུ་བྱོན་ནས། གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་ཡང་ཡང་མཇལ་ཏེ་དབང་བསྐུར་བྱིན་རླབས་མཛད་ཅིང་། ཟབ་མོའི་གཏེར་ལ་དབང་མངའ་གསོལ། དེ་ནས་གཏེར་སྟོན་རིན་པོ་ཆེ་མཆོག་གིས། སྤྱིར་གནས་གསུམ་དཔའ་བོ་མཁའ་འགྲོས་བྱིན་གྱིས་བརླབས་པའི་མདོ་ཁམས་སྒང་གི་གནས་རི་དང་བྲག་རི་རྣམས་དང་། ཁྱད་པར་དུ་ཁམས་ཀྱི་ཝ་སེང་བྲག  རྨ་ཁྱུང་རྡོ་རྗེ་བྲག  ཧོར་ཤོད་སེང་གེ་བྲག  གོང་སྔོན་རྡོ་རྗེ་བྲག་དཀར་སོགས་སུ་རཧྣ་སྣ་ཚོགས་ལས་གྲུབ་པའི་སྒྲོམ་བུ་རྣམས་གཏེར་དུ་བཞེས་ནས། མཁའ་འགྲོའི་བརྡ་ཡིག་སྤྱན་ལམ་དུ་ཤར་བ་ཙམ་གྱིས། ཤེས་རབ་དགོངས་པའི་ཀློང་ནས་རྩོལ་མེད་རང་གསལ་བ་ཉིད་ཀྱིས་བརྡ་ཇི་ལྟ་བ་བཞིན་བཀྲོལ་ཞིང་གཏན་ལ་ཕབ་པར། སྨིན་གྲོལ་ཟབ་གཏེར་གྱི་ཆོས་ཚོགས་ཁྱོན་པོ་ཏི་བཅུ་གསུམ་བཞུགས། ཁྱད་པར་བྱ་ཁྱུང་རྡོ་རྗེ་ཀླུ་འདུལ་གྱི་ཟབ་ཆོས་བུ་གཏེར་གྱི་སྐོར་ནི། ཏྲེ་ཧོར་འདན་མདོ་ཁང་དམར་བྲག་གི་ཉེ་ཆར། སེང་གེ་བྲག་གི་ཉེ་འདབས། ཕ་བོང་རུས་སྦལ་ཐུར་རྒྱུག་འདྲ་བའི་ལྟོ་བ་ནས། ཁམས་རིན་པོ་ཆེར་བརྡར་བའི་སྒྲོམ་བུ་སྦྲུལ་ལྤགས་ཀྱིས་དྲིལ་བ་གཏེར་དུ་བཞེས་པའི་ཆོས་སྐོར་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སྒྲུབ་པ་ཟབ་མོ་འདི་ཉམས་སུ་བླངས་པ་ཙམ་གྱིས། ས་བདག་ཀླུ་གཉན་གྱི་ནད་དང་། ཡ་ང་བའི་མཛེ་ནད་སོགས་དང་། གཞན་ཡང་དྲེག་འབམ་ཕོལ་མིག་གཡན་པ་ཤུ་བ་བྱིན་གས་གླང་ཐབས་མེ་དབལ་བརྒྱལ་གཟིར་ལྟག་འཐེན་ལྐུགས་འགྱེལ་མཁྲིས་རིམ་ཀྵཡ་དམལ་བཤལ་འབྲས་སྲིན་ལྷོག་པ་དམར་ནག་སོགས་ཀྱི་ནད་དྲག་པོ་རྣམས་སེལ་བར་འགྱུར་བ་ནི། མངོན་སུམ་དུ་ཡིད་ཆེས་པའི་ལོ་རྒྱུས་མང་དུ་ཡོད་དོ།།  གཞན་ཡང་སེང་གེ་བྲག་ནས། རྡོ་རྗེ་གྲོ་ལོད་ཀྱི་ཆོས་སྒོར་གཏེར་དུ་བཞེས་པར། རྡོ་གྲུབ་དུང་དཀར་གྱི་དབྱིབས་གཟུགས་ཅན་འབུད་ན་དུང་སྒྲ་གྲགས་པའི་གཏེར་སྒོ་ད་ལྟ་མཇལ་རྒྱུ་ཡོད། གནས་འདིའི་འདབས་སུ། ཚ་གཟིམ་ཚ་མཚོ་རུ། ཡེ་ཤེས་མཚོ་རྒྱལ་གྱི་བླ་གཡུ་སྤྲིན་བུ་འོད་ལྡན་དུ་གྲགས་པའི་གཡུ་སྒྲོམ་ལས། དབང་མཛད་པདྨ་མཁའ་འགྲོའི་ཆོས་ཚན་གཏེར་དུ་བཞེས། འཕྲེ་མོ་བྲག་གི་སྒྲུབ་ཕུག་ནས། གཤིན་རྗེའི་ཆོས་སྐོར་སྤྱན་དྲངས། གཞན་ཡང་ཕ་བོང་རུས་སྦལ་ཐུར་རྒྱུག་འདྲ་བའི་མཁལ་ཁུང་གཡོན་ནས། ཊཱཀྐི་སེང་ཧ་ནག་མོའི་ཆོས་སྐོར་ཡང་གཏེར་དུ་བཞེས་སོ།། མདོར་ན་སློབ་དཔོན་པདྨའི་རྒྱལ་ཚབ། གཏེར་ཆེན་རིན་པོ་ཆེ་འདི་ཉིད་ཀྱི་སྨིན་གྲོལ་ཟབ་གཏེར་གྱི་གསུང་ཆོས་བདུད་རྩི་ལྟ་བུ་ལ་ད་ལྟ་ལོངས་སུ་སྤྱོད་བཞིན་པའོ།།        དེ་ལྟར་སྐབས་སུ་བབ་པའི་ལོ་རྒྱུས་འདི་ནི། གཏེར་སྟོན་གྱི་རྣམ་ཐར་ལ་ཆེད་དུ་དམིགས་ནས་རྩོམ་པ་མིན་ཞིང་། གནས་འདི་གྲུབ་དབང་པདྨ་ཀ་ར་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གཏེར་གནས་སུ་བྱིན་གྱིས་བརླབས་ཤིང་། གྲུབ་བརྙེས་ཀྱི་སྐྱེས་བུ་དམ་པས་མངོན་སུམ་དུ་གཏེར་སྒོ་ཕྱེས་པའི་གནས་རི་ཁྱད་པར་ཅན་ཡིན་པས། གསོལ་བ་བཏབ་ན་དངོས་གྲུབ་འབྱོངས་བ། གནས་འབྲེལ་བཞག་ན་ཐར་ལམ་ཟིན་པ། ཡིད་ལ་དྲན་པ་ཙམ་གྱིས་ཀྱང་ཐར་པའི་ས་བོན་ཐེབས་པ་སོགས་ཀྱི་དགོས་པ་ལ་དམིགས་ནས་བྲིས་པའོ།། གནས་འདི་ནི་ད་ལྟ་བྲག་མགོ་རྫོང་ཏྲེ་ཧོར་ཆུས་གསུམ་པ་འདན་མདོ་ཤང་གི་ཉེ་ཞོལ།རྫ་མདའ་ཟེར་བའི་གྲོང་པའི་ཐད་ཀར་ན་ཡོད་དོ།།


  • ལེ་ཚན་སྔོན་མ།:བྲག་མགོ་ར་གསོ་སྒང་གི་གནས་རིའི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:ཁམས་བྲག་མགོ་བ་གནས་བྲག་གི་ལོ་རྒྱུས་མཐོང་བ་དོན་ལྡན།
  • དོ་སྣང་ཆེ་བའི་རྩོམ།