ཨ་མ་རྒན་མོ།

བཙན་པོའི་ཕོ་ཉ།        2018-04-23

མཚམས་སྤྲིན་གྱི་ཡོ་ལང་ཀྲིག་ཀྲིག་དེས།

འཆར་ཀའི་འོད་མདངས་ཁུར་བའི་ལྗིད་ཚད་བཏེགས་ཏེ།

ཨ་མའི་རྨི་ལམ་གྱི་ཞེན་ཆགས་ལ།

ལས་སྣེ་མང་དག་ཅིག་གི་འཆར་འགོད་འཐེན།


སུ་ཞིག་གིས་ཧད་ཀྱིས་དཀྲོགས་པའི་རྟ་རྒོད་བཞིན།

ཨ་མ་རྒན་མོས། འཚུབ་ཆ་འཁྱིལ་བའི་རྐང་ཟུང་སྟབས་ཏེ།

ཁྱིམ་གྱི་མདོ་སྦུག་གང་སར་བྲེལ་འཚུབ་ཀྱིས་ཡང་ཡང་གཡོ།


དཔྱིད་ཉི་རིང་མོའི་ཁུག་སོ་ན།

ཨ་མ་རྒན་མོ། ས་ཆེན་པོའི་བྲང་གཞུང་གི་གྲོག་མ་ཞིག་ལྟར།

ནག་ཡོར་ཡོར་དུ་ཞིང་ཁའི་རྣང་མར་འགུལ།


དབྱར་ཆར་དྲག་དང་རླུང་འཚུབ་ཁྲོད་ན།

ཨ་མ་རྒན་མོ། རླུང་གིས་གཡོས་པའི་ཐོ་ཡོར་བཞིན།

ལང་ལིང་ངང་སླེ་བོ་ཁུར་ཏེ་འཇག་རྩྭའི་གསེབ་ཏུ་འཚོ།


སྟོན་ཚ་གདུག་དང་བྲེལ་སྟབས་ཀློང་ན།

ཨ་མ་རྒན་མོ། ངར་ཤ་བསླངས་པའི་དམག་དཔོན་ཞིག་ལྟར།

རྔུལ་ཆུ་ཁྲུམ་ཁྲུམ་ངང་ལོ་ཏོག་བསྡུ་བྲེག་གི་ལས་ལ་བྲེལ།


དགུན་གངས་འཁྱགས་ཀྱི་གྲང་ངད་ཁྲོད་ན།

ཨ་མ་རྒན་མོ། བསྲན་ཐུབ་པའི་གྱད་མི་ཞིག་ལྟར།

ཁ་རླངས་ཐུལ་ཐུལ་དུ་ཐག་ཁྲིའི་སྟེང་ན་ཡོམ་ཡོམ་འགུལ།


ཨ་མ་རྒན་མོ། དར་ལྕོག་བཞིན།

མི་ཚེ་གང་བོ་འགྲུལ་བཞུད་ཅིག་གི་ལམ་དུ་ཟད་སོང་།

ཨ་མ་རྒན་མོ། ཉི་ཟླ་བཞིན།

བསྐྱར་ལྡོག་གི་གོ་རིམ་ཁྲོད་དུ་དྲོད་སྣང་གིས་ཁྱིམ་གཞིས་བཀངས་སོང་།


ཨ་མ་རྒན་མོ། རླུང་དམར་ཁྲོད་ན།

མར་མེ་བཞིན་གཡོ་བ་ཁྱེད་ཡིན།

ཨ་མ་རྒན་མོ། བདེ་སྡུག་གི་ཀློང་ན།

མགོན་སྐྱབས་སུ་སོང་བའང་ཁྱེད་ཡིན།


  • ལེ་ཚན་སྔོན་མ།:ཁ་བ་དྲན་ཚུལ།
  • ལེ་ཚན་རྗེས་མ།:གྲོགས་པོ།