ཁ་བ་དྲན་ཚུལ།

ལྷོ་སྨོན།        2018-04-23

ཁ་བའི་ལྗོངས་ཀྱི་ཕྱི་སྣོད་ཡངས་ཤིང་བཀོད་པ་མཛེས་ལ། །

ཁ་བའི་ཡུལ་གྱི་རི་རབ་མུ་ཏིག་ཕྲེང་ལ་བརྒྱུས་པ། །

ཁ་བའི་ཡུལ་གྱི་ནང་བཅུད་ངོ་མཚར་ཡིད་དུ་འོང་ལ། །

ཁ་བའི་མི་བུ་རྣམས་ནི་ཁ་བའི་སེམས་ཀྱིས་བརྒྱན་པ། །


ཁ་བའི་མེ་ཏོག་དཀར་པོ་ས་སྟེང་འདི་ན་བཞད་པས། །

ཁ་བའི་ཕ་གཞིས་དྲོན་མོ་སྔར་བས་མཛེས་སྡུག་ལྡན་སོང་། །

ཁ་བའི་ཕོ་ཉ་དཀར་པོ་ཕ་ས་འདི་ན་འབྱོན་པས། །

ཁ་བའི་ཡུལ་ལུང་འདི་ཡི་གཏམ་རྒྱུད་ཕྱོགས་བཞིར་གྲགས་སོང་།།


ཁ་བའི་སེམས་ཀྱི་ལྷ་མོ་མི་ཡུལ་འདི་ན་ཕེབས་པས། །

ཁ་བའི་ལྗོངས་ཀྱི་སྐྱེས་བུའི་སེམས་པ་འདི་ཡིས་བསླུས་སོང་། །

ཁ་བའི་རོལ་དབྱངས་སྙན་མོ་འདབ་དྲུག་ཁ་བས་དཀྲོལ་པས། །

ཁ་བའི་ཡུལ་གྱི་བུ་མོའི་སྣང་བ་འདི་ཡིས་འཕྲོག་སོང་། །


ཁ་བའི་ལྷ་ཚོགས་དཀར་པོ་འཇའ་ཚོན་ལམ་ནས་ཕེབས་པས། །

ཁ་བའི་མི་ཡི་མགོ་ལ་ཡར་འགྲོའི་ཕྱག་དབང་གནང་སོང་་། །

ཁ་བའི་དྭངས་གཙང་བདུད་རྩི་དོག་མོ་ས་གཞིར་བབ་པས། །

ཁ་བའི་ཡུལ་གྱི་ནག་ནོག་མ་ལུས་སེལ་བར་བྱས་སོང་། །


ཁ་བའི་ཡུལ་ནས་དྲན་ཡོད་ཁ་བ་འདྲ་བའི་མི་བུ། །

ཁ་བའི་ཡུལ་ནས་བཞུར་ཡོད་ཁ་བ་འདྲ་བའི་སེམས་པ། །

ཁ་བའི་ཡུལ་ནས་སྒུག་ཡོད་ཁ་བ་འདྲ་བའི་འོད་ཟེར། །

ཁ་བའི་ཡུལ་ནས་བཙལ་ཡོད་ཁ་བ་འདྲ་བའི་རེ་བ། །


  • ལེ་ཚན་སྔོན་མ།:ཇ་ཕོར་ལས་སྨུག་པ་སྐྱ་མོ།
  • ལེ་ཚན་རྗེས་མ།:ཨ་མ་རྒན་མོ།