འཆིང་སྡོམ་གྱི་ནག་ཉེས།

རྒྱ་ཕྱུག    དགེ་ཆོས་དྲ་བ།    2011-04-07

གཏམ་རྒྱུད་ཅིག་ཏུ་ཇོར་རྗི་ནི་རིག་པ་མཚར་སྣང་ཆེ་ཞིང་པྲ་ཚགས་རྒོད་པའི་བྱིས་པ་ཞིག་ཡིན་ལ། ཁོ་ནི་བྱ་བ་ཅི་ཞིག་བསྒྲུབས་ཀྱང་བྱིས་པ་ཚོའི་གྲས་ཀྱི་མགོ་འདྲེན་ཡིན། ཉིན་ཞིག་ཇོར་རྗིས་ཨ་ཕ་མེད་ཤུལ་ནས་བྱིས་པ་མང་པོ་ཞིག་ཁྱིམ་དུ་བོས་ནས་རྩེད་མོ་རྩེ་བས། བྱིས་པ་ཞིག་ཇོར་རྗིའི་ཨ་ ཕའི་ཁང་བའི་ནང་འཛུལ་བ་མ་ཟད་ཇ་ཕོར་ཞིག་ཀྱང་བཅག ཨ་ཕ་ཕྱིར་བསླེབས་དུས་སྣང་ཚུལ་དེ་དག་མཐོང་ཏེ་ཇོར་རྗི་ལ་ཁ་རྡུང་བཏང་བ་མ་ཟད་ལག་པ་ཡང་འགུལ།དེའི་རྗེས་ཇོར་རྗིས་ཅི་ཞིག་བྱེད་ཀྱང་ཨ་ཕས་སྡིགས་དམོད་དང་བཀག་འགོག་བྱས་པས། དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ཇོར་རྗིའི་མཚར་སྣང་སྤྲོ་འདྲའི་རིག་པ་རིམ་བཞིན་ཉམས་ཏེ་གཡུང་མོ་ལུག་ལྟ་བུ་ཞིག་ཏུ་གྱུར་བ་མ་ཟད། ཅུང་མ་འགོར་བར་སྨྱོ་ནད་ཚན་ཁག་ཏུ་བསྐྱལ།

   གོང་གསལ་གཏམ་རྒྱུད་འདི་ལས་ང་ཚོས་མངོན་སུམ་དུ་རྟོགས་པ་ནི་མི་སུ་ཡིན་ཡང་ལྷན་སྐྱེས་ཀྱི་རིག་པ་མྱུར་མོ་ཞིག་བདོག་ཚེ་དེར་བསྟུན་གྱི་བཙོ་སྦྱངས་མ་བྱས་ན་ཡུན་རིང་གི་འཚོ་བའི་རྦ་རླབས་ཁྲོད་རིམ་བཞིན་ཁུ་སུམ་མེར་འཇགས་སྲིད་པ་དང༌། སེམས་ཁམས་རིག་པ་ཐད་ནས་སྡིགས་དམོད་དང་གཅར་རྡུང་ནི་མིའི་ལྷན་སྐྱེས་ཀྱི་གདོད་གཤིས་རྨེག་མེད་དང་བྱེ་མའི་ཆིངས་བུ་ལྟར་འགྱུར་བྱེད་ཀྱི་གཏིང་རྡོ་ཡིན་ཞེས་བཤད་ཡོད། དེའི་སྟབས་ཀྱིས་མིའི་ལྷན་སྐྱེས་ཀྱི་རིག་པ་དང་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་ན་ག་དུས་ཡང་རིག་པ་སྦྱོང་བརྡར་གྱི་བསམ་བློ་བརྗེ་རེས་བྱས་ན་རིམ་བཞིན་སྤྱི་ཚོགས་འཚོ་བའི་ཁྲོད་མི་རང་ཉིད་ཀྱི་སྒེར་གཤིས་མངོན་འགྱུར་བྱུང་ནས་རང་ཚུགས་ཐུབ་པ་དང་རྩིས་ཐང་ཆེ་བ་ཞིག་ཏུ་འགྱུར་ངེས། “བགྲོ་གླེང་ནི་བརྡར་རྡོ་དང་འདྲ་ལ༌། བསམ་བློ་ནི་གྲིའི་ངོ་དང་འདྲ།ཕན་ཚུན་བརྡར་བ་ལ་བརྟེན་ནས་བསམ་བློ་སྔར་བས་རྣོ་ངར་ཅན་དུ་འགྲོ”①ཞེས་པ་འདིས་བགྲོ་གླེང་དང་བསམ་བློ་གཉིས་གཞི་གཅིག་ཏུ་སྦྱོར་ནུས་ན་རྨོངས་བློ་རྨེག་མེད་དུ་བཏང་ནས་བསམ་བློ་རྣོ་ངར་ཅན་ཏུ་འགྲོ་བ་དང༌། བགྲོ་གླེང་བྱེད་པ་ནི་མིའི་གཉུག་གཤིས་ཀྱི་ཡོན་ཚད་བཙོ་སྦྱང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ།      བསམ་བློ་སྔར་ལས་འཐུས་སྒོ་ཚང་བ་དང་ལྟ་ཚུལ་སྔར་ལས་ཕུན་སུམ་ཚོགས་པར་འགྱུར། འདིར་འཆད་པའི་ལྟ་ཚུལ་ནི“ གསར་གཏོད་ཀྱི་དེད་དཔོན་དང་ཐབས་ལམ་གྱི་རྒྱ་ཐིག་ རེད་ལ”②“མིའི་ལྷན་ཤེས་བསྒྱུར་ཐུབ་པ”③ཞིག་ཀྱང་ཡིན།     ལྟ་ཚུལ་གྱི་དམིགས་ཡུལ་ནི་ཤེས་འདོད་ཡིན་པ་དང“ཤེས་ འདོད་ཀྱི་དམིགས་ཡུལ་ནི་གཞན་ལ་ངོམ་པ་དང་བདག་ཉིད་སྒྲོག་པའི་ཆེད་མ་ཡིན་པར། བདེན་ལུགས་འཚོལ་བ་དང་བློ་ སྒོ་འབྱེད་པའི་ཆེད་དུ་ཡིན།”④ འདི་ལྟར་ཐལ་ན་བློ་གྲོས་ཀྱི་འདབ་གཤོག་སྐྱོང་བའི་སློབ་བུ་དག་གི་བསམ་བློ་འཐུས་སྒོ་ ཚང་བ་དང་ལྟ་ཚུལ་རྣོ་ངར་ལྡན་པ། ངེས་ཕྱོགས་བསྟན་པ། ཤེས་འདོད་རྟ་རྒོད་རྒྱུགས་པ་ལྟ་བུར་འགྱུར་བའི་ཐབས་ལམ་ཉག་ཅིག་ནི་བསམ་བློ་དང་རང་མོས་བགྲོ་གླེང་གཞི་གཅིག་ ཏུ་འབྲེལ་བར་བྱ་ནུས་རྒྱུ་དེ་ཡིན་པར་གཞིར་བཞག བསམ་ ཕོད་པ་དང་བཤད་ཕོད་པ།བསྒྲུབ་ནུས་པའི་རང་གཤིས་སྐྱོང་དགོས།

    མཐོ་འབྲིང་སློབ་མ་ཞིག་ཡིན་པའི་ཆ་ནས་ང་ཚོ་རང་ཉིད་ལ་དཔྱོད་ཤེས་དང་བསམ་གཞིག་གི་ནུས་སྟོབས་མཆིས་དགོས་པ་དང༌། རང་ས་ནས་དཔྱོད་ཤེས་ཀྱི་དངོ་གྲི་ཐོགས་ ན་དོགས་གནས་ཀྱི་དྲ་རྒྱ་དུམ་བུར་གཅོད་པའི་སྤོབས་པ་དང་འདུ་ཤེས་བདོག་དགོས་པ་མ་ཟད། ག་དུས་ཀྱང་ཤེས་ འདོད་ཀྱི་དམིགས་གཞི་ངེས་ཅན་ཞིག་དགོས། རྒྱུ་མཚན་ཡང་ཤེས་འདོད་ནི་རིག་པའི་གཏེར་སྒོ་འབྱེད་པའི་རྨང་གཞི་དང༌།དོགས་སློང་གི་རྩ་བ་ཡིན། གལ་སྲིད་འུ་ཅག་ལ་ཤེས་ འདོད་ཀྱི་འདུན་མ་མེད་ལ། དོགས་སློང་གི་འདུ་ཤེས་ཀྱང་ མེད་ན“མུན་ནག་ལོང་སྙོབ་ཀྱི་ཚུལ་གྱིས་སང་ཉིན་ལ་ཡང་རང་དབང་མེད་པར་ཧབ་ཐོབ་བྱས་པ་རེད”⑤སྤྱི་ཁྱབ་ནས་ རང་རེའི་སློབ་འབྲིང་འདིའི་སློབ་བུ་མང་ཆེ་ཤས་ཤིག་རྩིས་ ཚན་དུ་བགོས་འདུག་པ་དང༌།(འདིའི་རྒྱུ་མཚན་འགོ་ཁྲིད་ཚོའི་སློབ་ཆེན་ལ་རྒྱུགས་འཕྲོད་ཚད་ཀྱི་མིང་སྙན་ཁོ་ནར་དམིགས་པ་ཚང་མས་ཤེས་སྲིད་པས་རྒྱས་བཤད་མི་བྱེད)ཁོ་ཚོའི་དུས་དང་རྣམ་མ་ཀུན་ཏུ་རྩིས་རྒྱག་ཁོ་ན་མ་གཏོགས་བགྲོ་གླེང་བྱེད་པར་མི་གོམས་པ་དང༌།ལྟ་ཚུལ་བརྗེ་རེས་ཀྱི་དུས་ཚོད་ཀྱང་ཤིན་ཏུ་ཉུང་བར་སྤྱོད༌། བོད་ཡིག་གི་རིག་ཚན་གཉིས་མ་གཏོགས་མེད་པ་ཡང་སློབ་གྲྭས་བཅུད་དོར་སྙིགས་ལེན་དང་སེམས་ཁྲལ་ལྷག་མ་ལྟ་བུ་ ཞིག་ཏུ་ངོས་བཟུང་ནས་མཐོང་ཆེན་མི་བྱེད་པ་དང་ཟུར་ཟ་ དང་འཕྱ་སྨོད་ཀྱི་དབབ་རྡོ་འགྲིལ་བས་དེ་མ་ཐག་ནེམ་ལྗང་ལྗང་གི་རྩྭ་ཕྲན་དག་དྲག་ཆར་གྱིས་རྡུང་བའི་རྣང་ཞིང་ བཞིན་ཉམ་ང་བའི་གར་སྟེགས་ཤིག་གིས་མིག་ཟུང་བསྒྲིབས་པར་བྱེད་པས། བདག“ལས་དབང་འདི་ལ་སྐྱེ་གདུང་སྐྱེས”⑥ སྲིད་པའང་ཚང་མས་ཤེས་གསལ་མ་ཡིན་ནམ།དེ་བས“ངས་སྙིང་ཁོང་ན་གངས་རི་བཞིན་ཨུ་ཚུགས་ཀྱི་འགྱིང་ཡོད་པའི་ངའི་ཁེར་རྐྱང་གི”⑦རིག་ཚན་པ་ཚོ་འུ་ཚོས་ཀྱང་མཐོང་ཆུང་དང་འཕྱ་སྨོད་ཀྱི་མེ་ལྕེ་རང་རྩིས་ཀྱི་ཆུ་མོས་བསད་ཆོག་ལ། མི་བུ་རང་རང་གི་རྩིས་ཐང་དང་རང་ཞེན་བླ་རུ་བརྟས་ནས་ཐོབ་ཆོག་ཆོག་དང་བླངས་ཆོག་ཆོག་གི་རང་བློའི་གླུ་སྒྲ་ཞིག་ཀྱང་གྱེར་ཆོག་ཨང༌།

 

འོན་ཀྱང་ངའི་གླེང་གཞི་འདིའི་ཁ་ཚ་དགོས་གཏུགས་སུ་གྱུར་འདུག་པ་འདི་རང་རེའི་སློབ་གླིང་འདིའི་བསམ་བློའི་བགྲོ་གླེང་འཆིང་སྡོམ་དང་དེའི་ནག་ཉེས་རེད། བསམ་བློའི་བགྲོ་གླེང་ཞེས་ཟུར་ཏུ་གླེང་བའི་རྒྱུ་མཚན་གཙོ་བོ་ནི་གོང་གསལ་བཤད་ཟིན་པ་ལྟར་བགྲོ་གླེང་གི་བྱེད་ནུས་མང་དུ་ གླེང་ཡང་བགྲོ་གླེང་གི་ལྟ་བ་ཚུགས་པར་ཆ་རྐྱེན་བསྐྲུན་རྒྱུ་ ཕར་ཞོགཐ་ན་དེ་ལས་ལྡོག་ནས། བཀག་འགོག་དང་འཆིང་སྡོམ་བྱེད་བཞིན་འདུག

འདི་ནི་མངོན་གསལ་དུ་མཐོང་སྟེ། ན་ནིང་ངས<<སེམས་ཀྱི་འབོད་པ>>ཚགས་པར་སྟེང<<རུལ་སོངས་སུ་ གྱུར་བའི་སློབ་གསོ>>བཀོལ་ནས་ཅུང་མ་འགོར་བར་སྐུ་ ཞབས་ལྷ་གཡགཞེས་པ་ཞིག་གིས་མཆོད་མེ་དྲ་ཚིགས་སྟེང<<ཁྲི་ཀ་རྫོང་གི་སློབ་གསོ་ལོག་ལམ་དུ་སོང་ཚར་འདུག>>ཅེས་པ་ཞིག་བཀོལ་པས། དངོས་གནས་རང་རེའི་སློབ་གླིང་ འདིར་རྣག་ཐོག་ཁབ་གཙགས་དང་མེ་ཐོག་སྣུམ་བླུགས་བྱས་པར། སློབ་གྲྭས་བདེན་ལུགས་བྲལ་བའི་ཀུ་ཅོ་མང་དུ་བསྒྲགས། དེ་ནས་བཟུང་འཛིན་གྲྭ་སོ་སོ་ཚགས་པར་གྱི་བསྡུ་རྩོམ་སྤེལ་དུས“སློབ་གྲྭའི་སྒྲིག་ལམ་ལ་འགལ་བའི་རྩོམ་ཡིག་ཡིན་མི་ཆོག”⑧ཅེས་པའི་ནང་དོན་གསར་བ་ཞིག་ཚང་མས་ཁ་སྣོན་བྱས་འདུག ཁོ་ཚོས་ངོས་འཛིན་བྱེད་སྟངས་ནི་གོང་གསལ་ལྷ་གཡག་དང་ངེད་གཉིས་ཀྱི་རྩོམ་ཡིག་དེ་འདྲ་མི་ཆོག་པ་དེ་རེད ། འདི་ནི་དངོས་གནས་དགོད་བྲོ་ བ་ཞིག་མ་ཡིན་ནམ། སྣང་ཚུལ་འདིས་ཀྱང་ཁོ་ཚོས་འགྲོ་བ་ མིའི་ཆེས་མ་མཐའི་སྨྲ་བརྗོད་ཐོབ་ཐང་ཡང་འཕྲོག་འདུག་པ་མི་གསལ་ལམ། དེ་ལས་འཆིང་སྡོམ་གྱི་སྣང་ཚུལ་གཞན་ཞིག་ནི་མཚན་སྦྱོང་དུས་ཚོད་གསུམ་ལྷག་ལ་ཁུ་སུམ་མེར་འདུག་ དགོས་པ་དང། གལ་སྲིད་ཕན་ཚུན་བགྲོ་གླེང་དང་ལྟ་ཚུལ་ གྱི་ཁ་བརྡ་བྱས་ཚེ་འུར་བརྒྱབ་པའི་ཉེས་མིང་འདོགས་མཁན་གྱི་རྒན་པོ་ཞིག་ག་དུས་ཀྱང་ཁྱོད་ཀྱི་སྒེའུ་ཁུང་ཁར་དགུན་གྱི་རྒྱ་སྟག་བཞིན་འཚང་ཡོད་ངེས་པས། དངོས་གནས་ཡ་ང་ བའི་མུན་ནག་སློབ་གསོའི་ཟུར་ངོས་གཞན་ཞིག་མཐོང་ཐུབ།གལ་སྲིད་རྩིས་ཚན་འཛིན་གྲྭ་ཞིག་ལ་མཚོན་ན་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་སྒོམ་ནས་སློབ་སྦྱོང་བྱས་ན་ཕན་སྲིད་ཀྱང༌།རིག་ཚན་འཛིན་གྲྭ་ལ་དེ་ལས་ལྡོག་པ་ཡིན་པ་ངས་ཁ་ཚོན་ གཅོད་ནས་སྨྲ་སྤོབས།དེ་ལས་ཀྱང་སྤྱི་ཁྱབ་ནས“བགྲོ་གླེང་ བྱས་པས་ཡིན་མིན་རྟོགས་པར་འགྱུར”⑨བས་རིག་རྩིས་ཚན་གང་ཡིན་ཡང་རང་ཉིད་ཀྱི་ལྟ་ཚུལ་ལྷུག་པར་བརྗོད་སའི་ཁོར་ཡུག་ཅིག་ངེས་པར་ཏུ་བསྐྲུན་དགོས་པ་དང༌། གལ་སྲིད་ད་དུང་ཡང་མུ་མཐུད་དུ་འདི་ལྟར་སོང་ན་དཔྱོད་ཤེས་རྨོངས་པའི་སེམས“འཐེང”སྲིད་པ་མ་ཟད།སེམས“འཐེང”ན་བསམ་བློ་འགུལ་སྐྱོད་ལའང་མི་འཚམ་པས། རང་ཅག་ བསིལ་ལྡན་ཁ་བའི་རྗེས་རབས་པར་གྱུར་བའི་གཞོན་ནུ་འདི་དག་ད་ནས་བསམ་བློ་འཆིང་བ་དང༌། བག་འཁུམ་པ། བློ་ འཐོར་བ། ཉྭ་འདར་བ་ལྟ་བུའི་རིང་ལུགས་བསྐྱོང་བ་ལྟ་བུ་ཞིག་ལས་གང་ཞིག་ནུས།དེ་བས་ངས་རང་རེའི་སློབ་གླིང་འདི་ནི་ཁུ་སུམ་ཁུམ་གྱི་ཉིན་མོ་སྒོམ་པའི་འུག་ཚང་ཞིག་དང༌། ཉམ་ཆུང་བའི་སློབ་གྲོགས་རྣམས་ནི་ཕྱི་རོལ་གྱི་མཛེས་སྡུག་ རོལ་འདོད་ཀྱང་བླ་འཁུམ་པའི་འུག་ཚོགས་འགའ་ཞིག་མ་ ཡིན་ནམ།

 

འཆིང་སྡོམ་འདིས་སློབ་གྲོགས་ཚོར“ནམ་ཡང་དགེ་རྒན་དེའི་བསམ་བློ་རྒྱུད་འཛིན་པ་ཙམ་ལས་རང་ཉིད་ལ་སྒེར་ ཚུགས་ཀྱི་བསམ་བློ་ཚུགས་མི་སྲིད”⑩པ་ཆགས་པར་གྱུར་བ་དང༌། ངའི་མིག་གོང་གི་མར་མེ་ལྟར་དགེ་རྒན་ཚོས་ཀྱང༌། སློབ་གྲོགས་རྣམས་ལ་རང་མོས་ཀྱི་གླེང་མོལ་ཙམ་ཡང་བྱེད་ པར་སྐྲག་སྐྲག་ལ་བསྡད་ཡོད་པ་རེད། འདི་ནི“དད་པའི་ སེམས་པ་མེད་ཀྱང༌།དད་པའི་ཕྱི་ཚུལ་མངོན” 11པ་ཙམ་དུ་སོང་འདུག་སྟེ། “དོན་ངོ་མས་བཤད་ན་མང་མང་ཁོག་ན་དཔོན་པོ་ནག་པོ་ལ་སོ་འཆའ་གི་ཡོད་ནའང་ད་དུང་དྲང་གཏམ་མི་་བཤད་པར་མ་ཟད། དཔོན་པོ་ནག་པོ་ལ་ཕྲད་ཚེ་ཉྭ་ལྷེམ་ལྷེམ་དང་ངོ་འཛུམ་འཛུམཁ་ཡག་ཡག་ཅིག་བྱེད་པའི”12སྣང་ཚུལ་སྐྱུག་བྲོ་བ་འདི་ཝ་མོས་ཟློས་གར་འཁྲབ་པ་ལྟ་བུ་མང་དུ་བྱེད། སྤྱིར་འུ་ཅག་གི་སློབ་གྲྭ་འདིས་དུས་རབས་གསར་བའི་མཁའ་དབུགས་ནང་ད་དུང་བློ་མ་སྨིན་པའི་བུས་ཚུལ་བཟུང་བ་མ་གཏོགས།རང་མོས་ཀྱི་གྲོས་བསྡུར་བྱེད་པ་ནི་སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པར་དར་བའི་གནའ་བོའི་ཀེ་རི་སའི་མཁར་གྲོང་རྒྱལ་ཁབ་ཨ་ཐེན་སི་ལ་ཆེས་ ཆེར་དར་ཞིང༌། པོ་ལི་ཁེ་ལེ་ནི་སྐབས་དེ་སྲིད་གཞུང་གི་དཔེ་ མཚོན་མི་སྣ་ཞིག་ཡིན།

འདི་ལྟར་བསྡུར་ན། རང་ཅག་ཁ་བ་རི་བའི་སློབ་གསོ་ ནི་ནུབ་གླིང་གི་གནའ་བོའི་སློབ་གསོའི་གནས་བབས་ཙམ་ལ་མི་དོ་བ་ནི་ང་ཚོ་རྗེས་རབས་པའི་ངོ་ཚ་དང་བསིལ་ལྡན་ཁ་བའི་སྙན་གྲགས་ཆུ་ཤེལ་ཟླ་བར་ནག་ནོག་གི་དྲི་མས་གོས་པ་མ་རེད་དམ། སྣང་ཚུལ་དང་པོ་བཞིན“འུ་ཅག་གི་ད་དུང་རང་ལྟ་མཆོག་འཛིན་དང་གཞན་གྱི་བསམ་བློར་འབུར་འཇོམས་གཏོང་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ”13སྣང་ཚུལ་ཕྱི་མ་བཞིན་ང་ཚོས་ཅིའི་ཕྱིར་ཁུ་སིམ་སིམ་གྱི་ཁོར་ཡུག་ཅིག་སྒོམ་ནས་རང་ཉིད་ཀྱི་ལྟ་ཚུལ་དང་སྐད་ཆའི་གློད་གཏོང་མི་ཆོག་གམ།དྲང་མོར་བཤད་ན། རང་རེའི་སློབ་གླིང་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། ཁོ་ཚོས་ལྟ་ཚུལ་ རྡོག་རྡོག་ནི་མཚན་ལྗོངས་ཧྲིལ་བོར་སློབ་གྲྭ་ཡོངས་སུ་ཁུ་ སིམ་མེར་གཏོང་ནུས་ཚེ། ད་གཟོད་ཁོ་ཚོའི་ལས་འགན་འགྲུབ་སོང་བ་རེད། དགའ་ཀྲོག་ཀྲོག་གི་དགྱེས་འཛོམས་ སྟོན་སྲིད་པ་རེད། ཕྱི་ཉིན་སྒམ་དཀྱེལ་ཆེ་བའི་ངང་སྐད་སྦུག་ནས་བསྟོད་བསྔགས་བྱེད་སྲིད་པ་རེད། ཡིན་ནའང་ངས་ཡིན་རིང་རྣག་པའི་གྲོགས་པོ་ཚོ་འུ་ཚོ་འདི་ལྟར“བྱ་གྲག་རྒྱུ་དང་བྱི་ལོང་ལ་འབུར་རྒྱུ”མེད་པར་རིམ་བཞིན་ལོ་ཟླའི་རྡུལ་འཚུབ་ཁྲོད་རྫོགས་བཞིན་པ་ཁྱེད་ཅག་གིས་མཐོང་སྲིད་དམ། འུ་ཚོ་འདི་ལྟར་རང་རྩིས་དང་མི་གཞིའི་གདོད་གཤིས་མེད་པར་མུན་པ་ནག་པོས་རིམ་བཞིན་འུ་ཅག་གི་ཤ་ཁྲག་གཞིབས་བཞིན་པའང་ཁྱེད་ཅག་གི་མཐོང་སྲིད་དམ། འུ་ཅག་འདི་ལྟར་དཔོན་པོ་ནག་པོ་དང་སྐད་ཆ་ནག་པོའི་ཕྱི་ནང་ན་བྱེ་མའི་ཆིངས་བུ་ལྟར་འགྱུར་བྱི་བཞིན་པའང་ཁྱེད་ཅག་གིས་སོམས་སམ།

 

ག་དུས་ཀྱང་རང་ཉིད་ལྟ་ཚུལ་བརྗོད་ཚུལ་སྤོབས་པ་ནི་ངས་མི་བུ་ངོ་མ་ཞིག་ཏུ་བསམ་ཡང་འཆིང་སྡོམ་འདིས་ངའི་མི་བུ་དེ་དག་མིག་མཐའི་ཆུ་བུར་ལྟར་གྱུར་ཅིང༌། མཁའི་ མཐའི་འཇའ་ཚོན་ལྟར་གྱུར་ཏེ་དེ་ནི་གླེང་རིན་ཅི་ཡང་མི་ རྡོག་པ་ནི་དངོས་གནས་ཡིད་སེམས་གདུང་བ་ཞིག་ཅིས་མ་ ཡིན།དེ་ལས་ཀྱང་སྤྲོ་བར་འདོད་པའི་འཆིང་སྡོམ་གཞན་ཞིག་ནི་རྒྱུགས་དང་རྒྱུགས་ཀྱིས་སྤྱད་པའི་ཉེས་དམིགས་རེད། སྤྱིར་ན་རྒྱུགས་ནི་རྒྱལ་ཡོངས་རིམ་པའི་སྤྱོད་པའི་སློབ་གསོའི་བྱེད་ཐབས་ཤིག་ལགས་ཀྱང༌། ས་གནས་རིམ་པ་སོ་སོས་ གཟབ་ནན་ངང་ལག་བསྟར་མ་བྱས་ན་འདི་ནི་དོན་དམ་གྱི་སློབ་བུའི་རང་རྩིས་འབུར་འཇོམས་གཏོང་བའི་སྟ་གྲི་རེད། རྒྱུ་མཚན་ཧ་ཅང་གསལ་ཏེ་སློབ་གླིང་འདིས་ཁ་ཡར་གྲགས་ མར་གྲགས་གང་ཡིན་ཡང་རྒྱུགས་རྐྱང་རྐྱང་གླེང་ནས་སློབ་སྐབས་གཅིག་ལ་སྡོམ་པས་རྒྱུགས་བཞི་ལེན་ཡང༌། ཚང་མ་ གཡོ་རྫུས་ལྷད་པ་རེད། ཁོ་ཚོས་རྒྱུགས་བླངས་རྗེས་རྒྱུགས་ཤོག་དགེ་རྒན་རང་ཉིད་ཀྱི་མི་ལྟ་བར་སློབ་མ་ཚོའི་ལག་ལ་ འཇོག་སྲིད་པ་དང༌། རྗེས་མར་ཞིབ་ལྟ་གང་ཡང་མི་བྱེད་ པར་སྐར་གྲངས་དེ་སྤྱད་ནས་སློབ་གྲོགས་ཚོར“བཀའ་བཀྱོན་ནག་པོ”གཏོང་སྲིད་ལ།འཛིན་གྲྭ་མར་གཅོག་ཀྱང་བྱེད་སྲིད་པས། སྐད་ཅིག་སྐད་ཅིག་གི་འགྱུར་ལྡོག་གློ་བུར་བས་ཁེར་ རྐྱང་དུ་བཏང་བའི་ངའི་ གྲོགས་པོ་ཚོ་སྙིང་རེ་རྗེ་ཨང༌། ཁོ་ཚོས་རང་ཉིད་ཀྱི་ལྟ་ཚུལ་དང་པིར་སྨྱུག་ཐོགས་ནས་ བརྟུན་པ་རྩལ་དུ་སྤྱུགས་ཀྱང་མཐའ་མཇུག་ཕམ་ཁ་ཉོ་མཁན་ནི་སླར་ཡང་ཁོ་ཚོ་རེད། ཁོ་ཚོས་འདི་ནས་ཡར་བརྩིས་པའི་སློབ་བུ་གང་མང་མང་ཞིག་ཀྱང་འདི་ལྟར་སྒེར་གཅོད་བྱས་ ཡོད་པ་ཨང༌། “ང་ཚོ་ནི་ཤིང་བཟོས་འདྲ་གཟུགས་དང་མཚུངས་ཏེ།གཞན་གྱི་ཅི་བྱེད་འདོད་ན་དེ་ཡིན”(ཧོ་ལ་སིའི་ཚིག)འདུག ཡིན་ནའང༌།ང་ཚོ་ག་དུས་ཀྱང་འགྱོད་གདུང་དང་བཟོད་བསྲན་མི་ཐུབ་པ་ནི་གཡོ་སྒྱུས་བསླད་པའི་རྒྱུགས་ཤོག་ཅིག་གིས་རྨེག་མེད་བཏང་བ་རེད།

གཞན་ཡང་རྒྱུགས་ཤོག་གི་གནད་དོན་ཡང་ཚབས་ཆེན་དུ་སྣང་བ་སྟེ། འདས་པའི་ལོ་འགར་ཁྲི་ཀ་རྫོང་གི་སློབ་ གསོ་ནི་དྲི་མས་མ་གོས་པའི་བཤད་རྒྱུན་རླུང་ལྟར་གྲགས་པ་ཡང་འདི་ནི་སྐྱག་རྫུན་ཁོ་ན་སྟེ། ཁོ་ཚོས་དཔར་བའི་རྒྱུགས་ནི་ཏག་ཏག་དཔེ་ཆ་རྐྱང་རྐྱང་བསྐྱར་དཔར་བྱས་པ་ཙམ་ ལས་སྣང་ཚུལ་ལེགས་པོ་མི་འདུག གལ་སྲིད་སློབ་གྲོགས་ཚོས་རང་གི་བསམ་གཞིགས་ནུས་པའི་དབྱེ་ཞིབ་བྱས་པའི་དཔྱད་གཞི་ཡོད་ན་ཐད་པར་དགག་པ་ཤ་སྟག་གཏོང་བའི་ཉེས་ དམིགས་ཚབས་ཆེ་བས་སློབ་མའི་རང་རྟོགས་ཀྱི་ནུས་པར་ བརྩི་འཇོག་གང་ཡང་མི་བྱེད་པ་དངོས་གནས་ཡ་ང་བ་ཞིག་རེད།

 

སྤྱིར་ན་སློབ་མའི་རང་རྟོགས་ཀྱི་ནུས་པའི་དབྱེ་ཞིབ་ནི་ག་དུས་ཀྱང་བརྩི་འཇོག་བྱེད་པ་ཞིག་ལགས་ཀྱང༌ ། ཁོ་ཚོས་ ནམ་ཡང་སྒེར་གཅོད་རྐྱང་རྐྱང་གི་བྱེད་ཐབས་སྤྱོད་པས། གནས་འདི་ན་ང་ཚོ་རང་ཉིད་ཀྱི་སྨྲ་བ་བརྗོད་ནུས་པ་དང་ བསམ་གཞིགས་ནུས་པར་སྐུད་པ་ཡར་འཁེལ་ཀྱི་སྐུལ་མ་ གཏོང་མཁན་སུ་ཞིག་མཆིས།

“སློབ་གསོ་ནི་བསྒྱུར་བཅོས”14 སུ་འདོད་ཀྱང༌། སློབ་གསོ་འདི་ལྟ་བུས་ང་ཚོ་རྨེག་མེད་དུ་གཏོང་བ་མ་གཏོགས་ཅན་ཕན་ནུས་གང་ཞིག་མཆིས། རྒྱལ་ཡོངས་རིམ་པར་གྱུར་ བའི་སློབ་གསོའི་བྱེད་ཐབས་འདི་ནི་སྒེར་གཅོད་དང༌། སློབ་མའི་མདུན་ལམ་གྱི་བཀག་རྡོ་ལྟ་བུ་ཞིག་ཏུ་གྱུར་འདུག་པས །ན་ཟུག་འདི་སུ་ཡིས་བཟོད་ཨང༌། རྫོང་ཁག་གསུམ་ནས་ འཛོམས་པའི་སློབ་གྲོགས་ཀྱང་ནམ་ཞིག་འཆིང་བརྒྱ་འདི་ལས་གྲོལ་ཐུབ་ཨང༌། མཚམས་སྤྲིན་གྱི་ཡོལ་བ་བཀྱགས་པའི་ས་སྲོད་དང་ཞོགས་པ་རེ་རེ་ངས་ནམ་རྒྱུན་རང་སེམས་སུ་རབ་རིབ་ཀྱི་དྲི་བ་རེ་འཕངས་ནས་རང་སེམས་བསྔོག་པ་ཡིན་ལ། གདོང་དམར་བའི་མི་རབས་ཤིག་གི་ཆ་ཤས་སུ་གྱུར་བའི་ས་ཁུལ་འདིའི་མི་རབས་འདིར་སེམས་ཁུར་ལྕི་མོ་ཞིག་གི་དྲ་བ་རྒྱབ་སྟེ་རང་སེམས་གསོས་ཐབས་བྲལ།ཡིན་ནའང༌། དོན་ དམ་པའི་སློབ་གསོའི་ཉི་གཞོན་དེ་ནམ་ཞིག་འུ་ཅག་གི་མུན་སྟུག་པའི་ཁོར་ཡུག་འདིར་གསལ་ཀྱི་ལེར་འཕྲོ་སྲིད་ཨང༌། མི་ལོ་བཅུ་ཕྲག་ལྷག་ལ་འབད་འབད་པའི་འབྲས་བུ་དེ་ནི་ཤོག་བུ་ཐེར་གཅིག་གིས་ཡོད་ཚད་ཐག་གཅོད་བྱེད་དུས་ང་ཚོས་དོན་དམ་པས་སུ་ཞིག་ལ་ལེ་བདའ་བྱེད་དགོས་ཨང༌།

 

འདི་ལྟར་ངས་ནི་ཤེས་མདོག་ཁ་བོས་སློབ་གླིང་འདིའི་ འཆིང་སྡོམ་དང་དེའི་ནག་ཉེས་འབའ་ཞིག་གླེང་ནི་ཟིན་ ཀྱང༌། ང་ལ་ད་དུང་སེམས་ཁུར་ལྷག་མ་ཞིག་གྲང་ཤུར་ཤུར་ དུ་མཆེད་པ་ནི་ཁོ་ཚོས་སླར་ཡང་ཁ་རྡུང་དང་ཉེས་མིང་ཙམ་་འདོགས་རྒྱུ་ལས་ཅི་ཡང་མི་ནུས་པ་དེ་རེད། ཁུལ་རིམ་པའི་སློབ་གླིང་ཞིག་ཏུ་གྲུབ་པའི་གནས་འདིར་གདོད་གནས་སློབ་གསོའི་ཉི་གཞོན་འཕྲོ་སྲིད་ཀྱང་ཁོ་ཚོ་ནི་ནམ་ཡང་གཞན་འོག་ལྡག་རྒྱུ་དང་གཞན་ངོ་སྲུང་རྒྱུ་ཁོ་ནར་འབད་མཁན་དག་ཡིན་པས། ངའི་རེ་བཞག་འདི་འགྲུབ་རྒྱུ་ད་དུང་རྒྱང་ཐག་རིང་བའི་མཚམས་སྤྲིན་ཞིག་ལ་སྙེག་པ་དང་ཅིས་མི་མཚུངས།

ངས་ད་དུང་རང་རེའི་སློབ་གླིང་འདིའི་གཞན་གྱི་རྔ་ མར་འཇུས་རྒྱུར་དགའ་བའི་དགེ་སློབ་འགའ་སླརཡང་གླེང་འདོད་དེ“སྒེར་ཚུགས་ཀྱི་བསམ་བློ་མེད་པའི་མི་དེ། ངེས་པར་དུ་གཞན་ལ་བརྟེན་དགོས་པ་ཡིན། གཞན་ལ་བརྟེན་པའི་མི་ དེ་ངེས་པར་གཞན་ལ་སྐྲག་པ་ཡིན། གཞན་ལ་སྐྲག་པའི་མི་དེས་དུས་དང་རྣམ་པ་ཀུན་ཏུ་གཞན་གྱི་ངོ་སོ་བསྟོད་པ་ཡིན”15པ་དང“གཞན་གྱི་ངོ་མདངས་ལ་བལྟས་ཏེ་སྐད་ཆ་ལབ་པ་གོམས་ལོབས་སུ་སོང་བས་གནས་ལུགས་བཤད་དགོས་ཐུག་ཀྱང་བཤད་མི་ཕོད”16པར་གྱུར་བ་ནི་དགེ་སློབ་འགའ་ཞིག་གི་སྐྱོན་ཚབས་ཆེན་ཞིག་ཏུ་འདོད། མ་ཟད། འདི་ལྟར་ཡུན་རིང་གི་བག་འཁུམ་ཏུ་གཤིས་ལུགས་བསྐྱངས་ན། ནམ་ཞིག་ང་ཚོས་འཆིང་སྡོམ་རིགས་ཤིག་གི་ནག་ཉེས་ཀྱི་སྒེར་ཚུགས་དང༌། བླ་ཐོར། ངག་བསྡམ་གྱི་མུན་དོང་དུ་ག་དུས་ཀྱང་མགོ་བོ་འགྱོགས་མི་ཐུབ་པ་དང༌། མིག་ཟུང་བགྲད་མི་ཐུབ་པ་ལྟ་བུ་ཞིག་ཏུ་འགྱུར་ཡང་སྲིད་ན་ང་ཚོས་མགྲིན་པ་གཟེངས་སུ་བཏེགས་ནས་ལེ་ལན་འདེབས་ས་དེ་སུ་ཞིག་ཡིན། ད་དུང་བརྩེ་ཞེན་དང་རྒྱབ་འགལ་གྱི་འགལ་འདུའི་ཁྲོད་ཕན་ཚུན་མཐའ་མ་བྲལ་བའི་འཁོན་སེམས་ཀྱང་འཛིན་སྲིད་དུས་འདི་ནི་བོད་རིགས་སློབ་གསོའི་ལོག་ལམ་གྱི་ནག་ཉེས་འབའ་ཞིག་ཏུ་མི་སེམས་སམ།

 

མཇུག་མཐར་ངས་སླར་ཡང་མིག་ཟུང་ཆེ་རུ་བགྲད་ཅིང་མགྲིན་པ་གཟེངས་སུ་བཏེགས་ནས་ནམ་ཞིག་རང་རེའི་སློབ་གླིང་འདིའི་འཆིང་སྡོམ་རེ་རེ་བྱེ་མའི་ཆིངས་བུ་ལྟར་འགྱུར་བ་དང་ཁ་བྲལ་འབྱུང་བའི་ཕྲུག་ཁུར་སྡོམ་བུ་ལྟ་བུ་ ཞིག་ཏུ་འགྱུར་སྲིད་པ་ངས་སྨྲ་སྤོབས་པས། ངའི་རིགས་མཐུན་གྱི་སློབ་གྲོགས་རྣམས་ཀྱིས་མི་བུ་རང་ཉིད་ནས་ཁེ་ དབང་བརྩོན་ལེན་དང་འབད་འཐབ་བྱེད་རྒྱུར་སྐུལ་མ་ཙམ་ཡང་བཏང་བའོ།།

སྨྲས་པ།

 

སྟོང་འདང་སྐྱ་མོའི་སྨུག་རྒྱུར་བཅིབས་ཏེ་འཁོར་བ་སྲིད་པའི་ཁབ་རྩེ་རུ།།
འདོད་འདུན་བརྟུན་པའི་རྟ་གདོང་མེ་རི་དགའ་བདེའི་དཔལ་གྱིས་འཕྱུར་ལགས་ཀྱང་།།
རེ་ཞིག་རབ་རིབ་ལོ་ཟླས་ཐལ་བའི་སྡུག་བསྔལ་སྟོན་ལོ་སེར་བོ་ཉིད།།
སྐད་ཅིག་སྟོང་བའི་གློག་ཞགས་འཁྱུག་བཞིན་རེ་འཆར་རེ་ནུབ་ཅི་ཡང་རྩེན།།
 
རྒྱལ་སྲིད་འབྱོར་སྟོབས་ཁྱི་ཡི་ཟས་བཞིན་ཡིད་བསྡུས་དཔལ་ལ་འཕངས་བྱས་ནས།།
སི་ཏཱའི་ལང་ཚོ་འཛིན་པར་བྱེད་པ་ནགས་སུ་གཤེགས་པའི་དགའ་བྱེད་བཞིན།།
དགའ་ཉེའི་དུང་བརྩེའི་དྲན་ཤིང་དམར་བོ་དར་ལྕོག་ཟད་པོར་བརྗོད་བཞིན་དུ།།
བཅུ་ཕྲག་རིག་པའི་དཔག་བསམ་འབྱུང་གནས་སློབ་རའི་དཔལ་དུ་བསྙེག་པར་བརྩམ།།
 
རྒྱོབ་རྒྱོབ་སོད་སོད་འཁྲུག་སྐད་མ་ཡིན་བློ་མིག་ལྡོངས་པའི་མུ་ཅོར་ཡིན།།
འཇམ་འཇམ་དུང་དུང་ཉེ་ཚིག་མ་ཡིན་ཁེ་ཕན་བཟློ་བའི་གཅམ་ཚིག་ཡིན།།
བྲེལ་བྲེལ་འཚུབ་འཚུབ་གཞུང་དོན་མ་ཡིན་སྒེར་དོན་ཆུ་ཡི་གཉེར་རིས་འཐབས།།
སློབ་གླིང་བསུ་བའི་གོམ་སྟབས་ཐོག་མ་མཚར་སྣང་བརྒྱ་ཡིས་མགོ་བོ་འཐོམས།།
 
སྤང་ལྗོངས་གཙང་མོའི་དལ་འགྲོར་འབོད་པ་མེ་ཏོག་དཀྲོགས་པའི་ཆུ་མོ་ཡང་།།
སྲིད་པའི་བདག་པོ་རྐང་གཉིས་འགྲོ་བས་གར་ཁྲིད་སྤྲོ་གླུ་ཅི་ཡང་ལེན།།
སྒྲ་ཚད་རིག་པའི་ལྷ་ལམ་གཞལ་གྲགས་སྨྲ་དབང་དཔུང་གྲས་གཤེས་གཉེན་ཡང་།།
མི་ཆེན་རྒྱུ་དབང་དངོ་གྲིའི་འོག་ན་གཉའ་སྒུར་ཉྭ་ཞུམ་འཛིན་པ་སྐྱོ།།
 
རང་དབང་རང་མོས་ལྟ་ཚུལ་གླེང་ན་འུར་ཟིང་བསྐྱེད་པའི་ཉེས་མིང་འདོགས།།
སྨག་རིམ་མཚན་མོའི་གཟེབ་དྲའི་ནང་ན་ཉམ་ཐག་བྱེའུ་ཆུང་གཉིད་ལ་ཡུར།།
བླ་འཕགས་མངོན་མེད་འཇོན་ནུས་མི་བསྔོག་ཤོག་ཐེར་ཙམ་ཞིག་སྙིང་བོར་བརྩི།།
ལོ་མང་ཐལ་བའི་མཁར་རྫོང་ཞིག་རོར་སྡང་མིག་བགྲད་མཁན་སྙིང་རྗེའི་ཡུལ།།
 
ཆུ་ཤེལ་དཀྱིལ་འཁོར་མཁའ་ལ་གཤེགས་ཤུལ་ཀུ་མུད་སྐྱོ་བའི་མིག་ཟུང་ཟུམ།།
ཤ་བ་རི་གཙེས་རི་དྭགསས་བུ་མོ་བས་མཐར་འཁྱམ་པའི་ཟློས་གར་རྒྱུན།།
བརླ་འདར་ལུས་ལྕུག་དབང་བོ་རབ་ཐོར་ཚང་ཚིང་ནགས་མའི་རུམ་ཁོང་དུ།།
ཐོས་གཟན་གད་རྒྱངས་སྒྲོག་པར་བྱེད་པ་གཅན་གཟན་ཁྲོས་པའི་ངག་གིས་སོ།།
 
དེང་ནས་དམིགས་འབེན་གཏད་སོ་བྲལ་ཕྱིར་རླུང་བུས་དབང་བསྒྱུར་སྤྲིན་པ་བཞིན།།
ས་མཐར་འཁྱམ་པའི་རིག་པའི་བུ་ལོ་ཁྲེལ་མེད་ཐལ་བའི་བྲག་ཅས་སྤྱུགས།།
བྲག་དམར་ཐེམ་པར་གནས་ཚང་འཆའ་དཀའ་ལྡིང་སྐོར་རྒྱག་པའི་གླག་མོ་ཉིད།།
ས་འགུལ་རི་ཤོམ་རང་བྱུང་མ་ཡིན་སྒེར་ཕན་གཉེར་བའི་གླག་རྒོད་ཀྱིས།།
 
མཛེས་མཛེས་ཕྱི་ཤུན་བརྡོལ་ལ་ཁད་ཀྱང་མཛེས་པའི་མཐར་ཐུག་སྒོར་མོར་འབྲེལ།།
དུང་དུང་ཕ་བུར་འགྱུར་ལ་ཉེ་ཡང་དུང་བའི་རྩེ་མོ་སྒོར་མོར་ཐུག།
སྙན་སྙན་ཐོས་འཛིན་འཕྲོག་ལ་རྩོམ་ཡང་སྙན་པའི་ཟླ་བོ་སྒོར་མོའི་འཛུམ།།
མཚར་མཚར་བླ་སྲོག་འཐོར་ལ་བྲེལ་ཡང་མཚར་བའི་རྒྱུ་མཚན་འབུམ་ཕྲག་འདིས།།
 
མདང་གསུམ་རྨི་ལམ་དཔལ་དུ་འཁྲུངས་པའི་གངས་དཀར་ལྷ་མོའི་བསླུ་བྲིད་ཉིད།།
སང་ཞོགས་སྐྱ་མོའི་ཐོ་རངས་དབུས་ན་གང་འཐིམ་མི་སྣང་རྩྭ་ཟིལ་བཞིན།།
གདོད་ནས་བཏབ་པའི་རེ་བཞག་ལྗང་ཁུའི་རབ་ངོགས་མེ་ཏོག་དམར་བོ་ཡང་།།
ད་ནི་ཁྲེལ་མེད་རྒྱང་བཞུད་བུ་མོས་ཤག་ཤག་མགུལ་ལ་བཏགས་ནས་འབྲོ།།
 
དངུལ་དཀར་ཁ་བའི་འདབ་མ་ལེབ་མོ་མེས་པོར་ཕུལ་བའི་ལྷག་བསམ་ཡིན།།
སྦྲ་ནག་ཆོན་མགོའི་བྱ་རོག་སྐད་ཀྱང་ཉེན་བརྡ་གང་སེལ་གད་རྒྱངས་ཡིན།།
དེས་ཀྱང་ཤ་ཟད་རུས་ཟད་བར་དུ་རང་རེའི་སློབ་གསོ་གླེང་ལགས་ཀྱང་།།
མཛའ་སེམས་རྟོག་པའི་སྙིང་མཐུན་མོ་འདྲ་བཙལ་ཅིང་བཙལ་བས་མིག་ཟུང་ལྡོངས།།
  • ལེ་ཚན་སྔོན་མ།:༼སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ༽
  • ལེ་ཚན་རྗེས་མ།:སློབ་གསོ་ཉིན་ཐོའི་ཟུར་ཞིག
  • དོ་སྣང་ཆེ་བའི་རྩོམ།