མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་མི་ཏ་ཞི་ཝས་ཀྲུང་གོས་དབུལ་པོ་སེལ་ཐབས་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅེས་གསུངས།

        2018-04-20

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་མི་རུའོ་ཙེ·ཀེ་ལ་ཆི་ཡ་ནུའོ·ཏ་ཞི་ཝས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད། ཁོང་གིས་ཀྲུང་གོས་དབུལ་པོ་སེལ་ཐབས་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ལྷག་པར་དུ་དབུལ་པོ་སེལ་བའི་བྱེད་ཐབས་གསར་གཏོད་ཐད་མི་རྣམས་ལ་བག་ཆགས་གཏིང་ཟབ་བཞག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བཏོན་ཡོད། དེ་བཞིན་ཀྲུང་གོས་བཟའ་བཅའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཁ་གཏད་གཅོག་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ངེས་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཏ་ཞི་ཝས་ཉེ་ཆར་ཧྥེ་ཅིར་འཚོགས་པའི་སྐབས34པའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་རྩ་འཛུགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ཁོངས་ཀྱི་ཚོགས་ཆེན་ནང་ཞུགས་ཤིང་། ཁོང་གིས་དོན་དངོས་ཐོག་ཀྲུང་གོར་དབུལ་པོ་སེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདས་ཟིན་པའི་ལོ40ཡི་རིང་ཀྲུང་གོར་མི་འབོར་དུང་ཕྱུར8དབུལ་ཐར་བྱུང་བ་དེ་ནི་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐོན་ཁུངས་ལ་སྐོང་འཐེན་ནུས་ལྡན་དང་། དབུལ་ཐར་བྱེད་ཐབས་གསར་གཏོད་ཤུགས་ཆེན་བྱས་པ་བཅས་ལས་བྱུང་བ་ཞིག་རེད་ཅེས་གསུངས།

    ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་དབུལ་ཐར་འཐབ་ཇུས་ཀྱི་དམིགས་ཚད་གསལ་པོ་བཟོས་པ་དེས་ཀྲུང་གོ་སྲིད་གཞུང་གིས་མི་ཚོགས་དབུལ་པོ་གནད་ལ་སྨིན་བར་ངོས་འཛིན་བྱས་པར་མ་ཟད་རོགས་སྐྱོར་བྱས་ནས་དབུལ་ཐར་བྱེད་རོགས་བྱས་པ་རེད། ཀྲུང་གོས་དབུལ་ཐར་གསར་གཏོད་ཀྱི་བྱེད་ཐབས་མང་པོ་ཞིག་བཏོན་པ་དཔེར་ན། དྲ་ཐོག་ཚོང་དོན་གྱིས་ཞིང་པ་དང་ཁྲོམ་ར་འབྲེལ་མཐུད་བྱས་ནས་ཞིང་པའི་ཡོང་འབབ་མང་དུ་བཏང་བ་ལྟ་བུ་རེད། ཀྲུང་གོས་ཞིང་ལས་འཕེལ་རྒྱས་དང་གསར་གཏོད་ཐད་མིག་དཔེ་བཏོན་པ་དང་བསགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ལག་རྩལ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་དཔྱད་གཞི་འདོན་ཐུབ་ཡོད། ཀྲུང་གོས་འཛམ་གླིང་རྨོ་ཞིང་གི་བརྒྱ་ཆ10ཡང་མ་ཟིན་པས་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་གསོས་ཏེ་འཛམ་གླིང་ལ་མིག་དཔེ་བཏོན་ཡོད། རྒྱལ་ནང་གི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པ་དང་དུས་མཚུངས་སུ། ཀྲུང་གོས་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་བྱས་པར་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རོགས་རམ་བྱེད་བཞིན་ཡོད། ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞི་དང་དེ་བཞིན་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་བརྒྱུད། ཀྲུང་གོས་རྒྱལ་ཁབ་གཞན་དག་དང་བཟའ་བཅའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་གི་ཉམས་མྱོང་སྤེལ་ཐུབ་ངེས་རེད་གསུངས།

ཁོང་གིས་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་འབྲུ་ཞིང་རྩ་འཛུགས་ཀྱི་དམིགས་ཚད་གཅིག་མཚུངས་ཡིན་པ་དེས་ཕྱོགས་གཉིས་པོའི་མཉམ་ལས་ལ་གོ་སྐབས་མང་པོ་འདོན་ཐུབ་རྒྱུ་རེད། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་སྒྲོམ་གཞིའི་འོག ཕྱོགས་གཉིས་པོས་ཁོང་ཡངས་དང་རྒྱུན་སྲིང་གི་བཟའ་བཅའི་མ་ལག་འཕེལ་རྒྱས་དང་། གྲངས་འཛིན་ཞིང་ལས་ཁྱབ་ཁོངས་གསར་གཏོད། མཐའ་མཚམས་ལས་བརྒལ་བའི་སྲོག་ཆགས་དང་རྩི་ཤིང་གི་ནད་ཡམས་ཚོད་འཛིན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐད་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་ཆོག་པའི་ངོས་འཛིན་གནང་བ་རེད།

   ཁོང་གིས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་འབྲུ་ཞིང་རྩ་འཛུགས་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་ཕྱོགས་གཉིས་པོས་རོགས་ཟླའི་འབྲེལ་བ་བརྟན་པོ་ཞིག་བཙུགས་ཡོད། ད་ཆ་ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་དང་རྒྱ་ཁྱབ་ཀྱི་རོགས་ཟླའི་འབྲེལ་བ་སྲིད་ལོ་གསར་པར་སླེབས་ཡོད། ཀྲུང་གོ་ཉིན་བཞིན་འབྲུ་ཞིང་རྩ་འཛུགས་ཀྱིས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རོགས་ཟླ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་རྒྱུན་སྲིང་ཐུབ་པའི་ཞིང་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:མངའ་རིས་གནའ་རྫས་རྟོག་ཞིབ་ལས་བོད་ཀྱི་བང་སོ་སྔ་ཤོས་རྙེད་པ།
  • ལེ་ཚན་རྗེས་མ།:མི་རིགས་ལག་རྩལ་གྱིས་ཕྱུག་འགྱུར་ལམ་བུ་གཏོད།
  • དོ་སྣང་ཆེ་བའི་རྩོམ།