དགེ་བའི་བཤེས་གཉེན་ཆེན་མོ་ཨ་འབུམ་བློ་བཟང་དམ་ཆོས་མཆོག་ལ་བསྟོད་པ་སྙིང་གི་མེ་ཏོག

ཁ་བ་སྙན་གྲགས།        2018-04-19

བཤེས་གཉེན་ཁྱེད་ཉིད་རྟ་བདུན་དབང་པོ་བཞིན།།

ཤེས་རིག་ཡོན་ཏན་གཏིང་ཟབ་ཆུ་གཏེར་ལྟར།།

ཐུགས་རྒྱུད་ལྷག་བསམ་དཀར་བ་གངས་ཀྱི་རི།།

ཀུན་ལ་སྙོམས་པོར་འཇུག་པས་ཟས་གཙང་སྲས།།

བཤེས་གཉེན་གདམས་ངག་འོ་མའི་ཟས་བཅུད་ཀྱིས།།

གདུལ་བྱའི་བློ་གྲོས་ལུས་སྟོབས་གོ་རྟོགས་འཕེལ།།

བཤེས་གཉེན་ཁྱེད་ཀྱི་སློབ་གསོ་བཟང་པོ་ཡིས།།

ན་གཞོན་སློབ་མའི་མདུན་ལམ་ཡངས་པ་འདིས།།

བཤེས་གཉེན་ཁྱེད་ཀྱི་བཀའ་དྲིན་རི་རབ་བཞིན།།

རིགས་ལ་དུང་བ་བཤེས་གཉེན་ཁྱེད་ཀྱི་གཤིས།།

མི་རིགས་བཟོ་སྐྲུན་མཁན་པོ་ཁྱེད་ཀྱི་མཚན།།

མཚན་ཉིད་དོན་དང་ལྡན་པ་ཁྱེད་ཀྱི་གཤིས།།

རྨོངས་གཉིད་བག་འཁུམ་ལེ་ལོའི་མི་རིགས་འདིའི།།

སྲོག་རྩ་ཉག་གཅིག་སྐད་དང་ཡི་གེ་ཡི།།

གསོན་ཤུགས་རྒྱས་པའི་སྐད་ཡིག་ལང་ཚོའི་དཔལ།།

སྐལ་ལྡན་གདུལ་བྱའི་ཚོགས་ལ་བསྩལ་བ་འདི།།

རྟ་བདུན་དབང་བོའི་འོད་སྣང་འགྱེད་པ་བཞིན།།

བཤེས་གཉེན་ཁྱེད་ཀྱིས་ཤེས་བྱའི་རྨོངས་སེལ་ཞིང་།།

གདུལ་བྱའི་བློ་ཡི་མུན་པ་མཐའ་ནས་སངས།།

བཤེས་གཉེན་ཁྱེད་ཉིད་འཇམ་མགོན་བླ་མ་ཉིད།།

བཤེས་གཉེན་ཁྱེད་ཀྱི་ཤེས་ཡོན་ཟབ་ཅིང་རྔམ།།

ལྷག་བསམ་ཟོལ་མེད་རིས་མེད་ཀུན་ལ་བྱམས།།

མི་རིགས་སློབ་གསོའི་བདེ་སྡུག་ཐུགས་སུ་ཉར།།

བཤེས་གཉེན་ཁྱེད་ཉིད་མི་ཕམ་མགོན་དང་ཉིད།།

བཤེས་གཉེན་ཁྱེད་སྐུ་རི་རྒྱལ་ལྷུན་པོ་བཞིན།།

བཤེས་གཉེན་ཁྱེད་ངག་ཁུ་བྱུག་གསུང་དབྱངས་རེད།།

བཤེས་གཉེན་ཁྱེད་ཐུགས་རིན་ཆེན་ནོར་བུའི་མཛོད།།

བཤེས་གཉེན་ཁྱེད་ཉིད་བསམ་འཕེལ་ནོར་དང་མཉམ།།

འཆད་ལ་མཁས་པས་འཇམ་མགོན་ས་པཎ་དང་།།

རྩོད་ལ་བྱང་བས་རྗེ་བཙུན་ཙོང་ཁ་མཆོག །

རྩོམ་ལ་ཐོགས་མེད་ཙན་དྲ་གོ་མིའི་དཔལ།།

འདི་དག་དང་ནི་བཤེས་གཉེན་དཔལ་ཡོན་མཉམ།།

བཤེས་གཉེན་ཁྱེད་ཉིད་སློབ་མའི་སྐྱབས་མགོན་ཡིན།།

ཨ་འབུམ་ཐོགས་མེད་གསུང་གི་བདུད་རྩི་ཡིས།།

ཡིད་ཀྱི་རྨོངས་སེལ་མི་ཚེའི་ཐབས་ཀྱི་མཆོག །

མ་ལུས་ཤེས་བྱ་ཀུན་ལ་འཇིགས་བྲལ་གྱུར།།

ཤེས་ཡོན་མ་ལུས་གཅིག་ཏུ་བསྡུས་པ་བཞིན།།

ལྔ་རིག་གླིང་ག་འདི་ན་བཤེས་གཉེན་ཞིག །

ཨ་འབུམ་བློ་བཟང་དམ་ཆོས་ཞེས་སུ་གྲགས།


  • ལེ་ཚན་སྔོན་མ།:བྱང་ལམ་གཅོད་པའི་ལྕག་ཚན།
  • ལེ་ཚན་རྗེས་མ།:ཇ་ཕོར་ལས་སྨུག་པ་སྐྱ་མོ།