ཞོགས་པའི་སྙན་ངག

ཁྱུང་གཤོག        2018-04-19

ནམ་མ་གསལ་གོང་གི

སྐྱ་རེངས་ཀྱི་དྲག་ཆས་མ་སླེབས་པའི་སྔ་རོལ་དུ།

ངས་ཁྱེད་ལ་གཞས་ཤིག་གཏང་འདོད།

རོ་བྲོ་འཛོམས་པའི་རྨི་ལམ་དེའི་མཇུག་སྐྱོང་ཕྱིར།

 

ངས་བརྩེ་བ་མཐའ་དག་དུས་ཚོད་ལ་བཏབ་པ།

དུས་ཚོད་ཁོ་ནས་འུ་གཉིས་ལ་ཁྲེལ་མེད་བྱེད་མི་སྲིད་པར་འདོད།

བར་ཐག་དུས་ཚོད་ཀྱིས་བཅད་སོང་བས།

བར་ཐག་ཕུགས་འདུན་གྱིས་ཁྱེར་སོང་བས།

ང་སྨྲ་བ་མེད་པར་གཞས་གདངས་ཤིག་གི་དབྱར་

གཞུང་ལ་འདྲེས་ནས།

ཁྱེད་ཀྱི་འཛུམ་རིས་སྤྱད་ནས་གཞས་ཚིག་ཅིག་བྲིས་ན་བསམ།

 

དུས་ཚོད་ནི་ནམ་ཡང་ཞོགས་པ་དང་མཚུངས་པར།

ངའི་མིག་ལམ་ན་དྭངས་གཙང་གིས་བཞུར།

དྭངས་གཙང་གིས་བཞུར་བའི་ཞོགས་པ་རེ་རེར།

དྭངས་གཙང་གི་ཁྱེད་རང་བཞུར་ནས་ངའི་རྨི་

ལམ་དུ་ཐོན་ན་བསམ།

 

ད་ནངས་ཞོགས་པར།ཤར་ཕྱོགས་ནས་འོད་ཀྱི་སྒོ་མོ་མ་ཕྱེ་གོང་།

སྐྱིད་ཆུ་ཁོ་ན་དྭངས་གཙང་གིས་བཞུར་ནས།

མུན་ནག་ལ་གཤག་བཅོས་བྱེད་བཞིན།

ངའི་སུན་སྣང་དང་ཁེར་རྐྱང་ཁུར་ནས་བུད་སོང་།

 

ཞོགས་པའི་འཛུམ་ངོགས་སུ།

ང་རང་སྒེའུ་ཁུང་གི་རྩ་རུ་འགྲེངས་ནས།

དབྱངས་མེད་པའི་དུས་ཚོད་ཀྱི་འགྱུར་ཁུགས་ལས།

མི་ལོ་ཉི་ཤུའི་སྔོན་གྱི་ཞོགས་པ་ཞིག་ལ།

ཁྱེད་རང་དཔྱིད་ཀྱི་སྐྱེས་སྟོབས་དང་བསྡོངས་ནས།

ཉི་འོད་དང་རྩྭ་ཐང་ཁོ་ན་གསོལ་རས་སུ་བསྣམས་ཏེ།

དེ་རིང་གི་ཞོགས་པ་འདི་བཞིན་ལྷིང་འཇགས་ཀྱིས་སླེབས་པ།

ང་ཁོ་ནའི་བགོ་སྐལ་ཡིན་པའི་སྟོང་འདང་གིས་བཟི་རུ་བཅུག

 

དྲང་མོར་བཤད་ན།

ཕ་ཡུལ་གྱི་ནམ་མཁའ་ཁོ་ན་འཚོས་ནས་ཡོང་བའི།

ནམ་མཁའི་འོག་གི་ཕ་ཡུལ་ཁོ་ན་པང་ནས་ཡོང་བའི།

ཕྱི་གསལ་ནང་འཇམ་གྱི་ཁྱེད་རང་།

སྤྱིར་བཏང་གི་ཞོགས་པ་ཞིག་གིས་མཚོན་ག་ལ་ཐུབ།

དྭངས་གཙང་གཅིག་པུས་ཀྱང་ཅི་ལྟར་མཚོན་ཐུབ་ཨང་།


  • ལེ་ཚན་སྔོན་མ།:གྲོགས་པོ།
  • ལེ་ཚན་རྗེས་མ།:བྱང་ལམ་གཅོད་པའི་ལྕག་ཚན།