དར་མདོ་ལྕགས་ལ་རྒྱལ་པོ།

        2018-04-17

དར་མདོ་ལྕགས་ལ་རྒྱལ་པོའི་ལོ་རྒྱུས་མདོར་བསྡུས་ཤིག་རྒྱལ་མོ་འབྲུག་པས་བརྩམས་པའི༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ༽ལས་བྱུང་བ་གཤམ་གསལ། དར་མདོ་ཁུལ་གྱི་ལྕགས་ལ་རྒྱལ་པོ་ནི་ཁམས་ཕྱོགས་ཀྱི་དཔོན་རྒྱུད་ཅུང་སྔ་ཞིང་སྟོབས་ཤུགས་ལྡན་པ་ཞིག་ཡིན་ལ། དེའི་གནས་གཞི་གཙོ་བོ་དེང་གི་དཀར་མཛེས་ཁུལ་གྱི་དར་མདོ་རྫོང་ཁོངས་སུ་ཡོད། རྒྱའི་ཡི་གེར་འདི་ལ་ཁང་ཏིན་མེན་ཀྲིན་ཞོན་ཝེ་ཟིའམ(明正宣慰司)མེན་ཀྲིན་ཐོའུ་ཟི་ཞེས་འབོད་ཅིང་། བོད་ཀྱི་ལོ་རྒྱུས་རྣམས་སུ་འདི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གྲས་སུ་བགྲང་ཡོད། དགེ་ལེགས་ཀྱིས་བརྩམས་པའི༼དཀར་མཛེས་ཁུལ་གྱི་ལོ་རྒྱུས༽ཞེས་པར་ལྕགས་ལ་རྒྱལ་པོ་ལ་མཆན་དུ་རྒྱའི་རྒྱལ་པོ(汉王)བྱ་བའི་དོན་ཡིན་ཚུལ་འགྲེལ་ལོག་བརྒྱབ་ཡོད་པ་དེ་ནི་བོད་ཡིག་དང་ངོ་མ་འཕྲོད་པས་ལན་ཏེ་ལྕགས་ལ་ནི་རྒྱ་དང་འབྲེལ་མེད་པ་བོད་ཀྱི་རུས་མིང་ཞིག་ཏུ་ངེས་སོ།།

   དེ་ཡང་ལྕགས་ལ་རྒྱལ་པོའི་དཔོན་རྒྱུད་བྱུང་ཚུལ་སྐོར་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པས་གཅིག་ཏུ་ཁ་ཚོན་གཅོད་དཀའ་བའི་གནས་སུ་འདུག་ནའང་། ཡོངས་གྲགས་ནི་མི་ཉག་རྒྱལ་རྒྱུད་ལས་བྱུང་བ་ཡིན་པར་བཤད་དེ། ཉག་ཆུ་སྨད་རྒྱུད་དུ་སེ་བོ་རོང་གི་མཁར་ཤུལ(西吴绒城)ཡོད་པ་དེ་མི་ཉག་རྒྱལ་པོའི་རྒྱལ་ས་ཡིན་པར་བཤད་ལ། དེ་དུས་ལྕགས་ལ་རྒྱལ་པོ་མི་ཟེར་བར་ཀུན་གྱིས་རང་ཉིད་མི་ཉག་རྒྱལ་པོ་ཡིན་པར་ངོས་འཛིན་པར་འདུག།   མི་ཉག་བྱ་བ་སྔར་བཤད་ཟིན་པ་ལྟར་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རྒྱུད་པ་ཡིན་ལ། དེ་ལྟར་ན་ལྕགས་ལ་རྒྱལ་པོའི་རུས་ཀྱང་ལྡོང་དུ་གཏོགས་དགོས་སོ།། ཡོན་རྒྱལ་རབས་སྐབས་སུ་མི་ཉག་རྒྱལ་པོའམ་ལྕགས་ལ་རྒྱལ་པོའི་མེས་པོར་ཁྲང་ཧོ་ཞི་ཨན་ཧྥོ་ཧྲི་ཟི།(长河西安抚使司)ཞེས་པའི་ཐབས་ཐོབ་སྟེ་རྒྱལ་མཁར་མི་ཉག་གི་ཡེན་ཀོན་ཀྲེ(营官寨)བྱ་བར་བཙུགས་པར་བཤད། མིང་རྒྱལ་རབས་སྐབས་རྒྱལ་པོ་ངག་དབང་བསྟན་འཛིན་བྱ་བས་མིང་གོང་མར་རོགས་སྐྱོར་གྱི་འཇང་ཡུལ་དུ་ཧོར་དམག་བཅོམ་ཞིང་གོང་མར་འཚམས་ཞུས་ཕེབས་པ་བཅས་ཀྱིས་མིང་གོང་མས་ཁམས་ཤར་མཐའི་དམག་སྲིད་ཟུང་གི་དབང་སྤྲད་ཅིང་དེ་ནས་རྒྱལ་ས་དེང་གི་དར་མདོར་སྤོས་པར་བཤད། དར་རྩེ་མདོ་ཕྱོགས་འདི་དེ་སྔོན་དབལ་ཚོ་བའི་མི་སྡེ་ཡོད་པ་བཅས་མི་ཉག་རྒྱལ་པོའི་མངའ་ཞབས་སུ་བསྡུས་པར་མ་ཟད། ལྕགས་ཟམ་ཁ་དང་དེའི་ཉེ་འཁོར་ས་ཆའི་ཡུལ་དཔོན་ཆེ་ཕྲ་རྣམས་ཀྱང་དབང་འོག་ཏུ་ཚུད་ནས་མངའ་ཁོངས་རྒྱ་ཆེ་བར་གྱུར། ཆིང་རྒྱལ་རབས་སྐབས་སུ་རྒྱལ་པོ་བསྟན་འཛིན་གྲགས་པ་བྱ་བ་དཔོན་སར་བསྐོས་ཏེ་ལས་ཐམ་སོགས་ཐོབ་ཀྱང་ནང་དམེ་བྱུང་སྟེ་རྒྱལ་པོ་བཀྲོངས། དེ་ནས་དེའི་བཙུན་མོ་དཀོན་མཁའ(公喀)བྱ་བས་དཔོན་ས་བཟུང་ཞིང་ཆིང་རྒྱལ་རབས་ཀྱི་རྒྱལ་རོགས་ལ་བརྟེན་ནས་མདའ་མདོ་དང་བྲག་སྟེང་ཁྲོ་སྐྱབས་སོགས་དཔོན་ཕྲན་ལྔ་བཅུ་ལྷག་གི་སྤྱི་དཔོན་ལྟ་བུར་གྱུར་ཅིང་། རྗེས་སུ་ཡུལ་གྲུ་འདི་དག་སི་ཁྲོན་ཞིང་ཆེན་གྱི་མངའ་ཞབས་སུ་སྦྱར་བས་ལྕགས་ལ་རྒྱལ་པོ་ནི་ཁམས་ཕྱོགས་ཀྱི་ཡུལ་དཔོན་ཆེན་པོ་བཞིའི(四大杰布)ནང་གི་སྟོབས་ཤུགས་ཅན་ཞིག་ཏུ་གྱུར། རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་སྤྱི་ལོ༡༧༢༥ལ་ལྕགས་ལ་རྒྱལ་པོ་སངས་རྒྱས་འདས་ཤིང་བུ་ཆེ་བ་རྒྱལ་མཚན་དར་རྒྱས་དཔོན་སར་བསྐོས། དེ་ལ་བུ་གཉིས་བྱུང་བ་ཆེ་བ་བྱམས་ཕུན(辖木坪)རུས་རྒྱལ(坚)དང་ཆུང་བས་རུས་ལྕགས་བཟུང་བས་དེ་ནས་བཟུང་ལྕགས་ལ་རྒྱལ་པོ་ཞེས་གྲགས་པར་བཤད། མི་ཉག་གམ་ལྕགས་ལ་རྒྱལ་པོ་རིམ་བྱོན་ནི་མིང་རྒྱལ་རབས་དང་ཆིན་རྒྱལ་རབས་བཅས་ལ་འབྲེལ་གཏུག་ཟབ་ཅིང་རྒྱབ་རྟེན་བཅོལ་བ་ཡིན་ལ། ཆིན་རྒྱལ་རབས་མཇུག་སྒྲིལ་བ་དང་ལྷན་ལྕགས་ལ་རྒྱལ་པོའི་སྟོབས་ཤུགས་ཀྱང་ཇེ་ཞན་དུ་སོང་ཞིང་། སྒོས་སུ་ཆིན་ཀོང་ཞིས(光绪)ལོར་ཀྲོ་འུར་ཧྥུན(赵尔丰)བྱ་བས་དཔོན་བསྐོའི་ལམ་ལུགས་བསྒྱུར་བཅོས་ཀྱིས་སྡེ་དཔོན་འཐེན་ནས་གཞུང་དཔོན་གཏོང་བའི་སྲོལ་སྤེལ་རྗེས་ལྕགས་ལ་རྒྱལ་པོ་ཉམས་པར་གྱུར་ཅིང་། དུས་ཕྱིས་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་སྤྱི་ལོ༡༩༢༢ལ་གོ་མིན་ཏང་སྲིད་གཞུང་གིས་ལྕགས་ལ་རྒྱལ་པོ་རྒྱལ་མཚན་ཆོས་འཕེལ་བཙོན་དུ་བཟུང་བ་བྲོས་བྱོལ་གྱིས་ཆུར་ལྕེབས་པས་ལྕགས་ལ་རྒྱལ་པོའི་དཔོན་རྒྱུད་ཆད་པར་གྱུར་ཀྱང་ཉེ་ཚན་བུ་རྒྱུད་ནི་ད་ལྟའི་བར་ཟམ་མ་ཆད་པར་བྱོན་པ་ཡིན་ནོ།། གཞན་ཡང་ལྕགས་ལའི་རྒྱལ་ས་དར་མདོ་ནི་བོད་ཀྱི་ལོ་རྒྱུས་སྟེང་རྒྱ་བོད་འབྲེལ་གཏུག་དང་ཚོང་ལས་ཤིན་ཏུ་དར་ས་ཞིག་ཡིན་པར་མ་ཟད་མདོ་ཁམས་དང་མདོ་སྨད་དབུས་གཙང་བཅས་ཀྱི་རྒྱུད་ལམ་ཡིན་སྟབས་བོད་རྒྱའི་ཡུལ་གྲུ་ཀུན་ཏུ་ཤུགས་རྐྱེན་ཧ་ཅང་ཆེ་ལ་མིང་དངོས་དར་རྩེ་མདོ་ཞེས་བྱ་བས་སྔར་རྒྱའི་ཡི་གེར་སྒྲ་ལོག་གིས་ད་ཅན་ལོ(打箭炉)ཞེས་བྲིས་འདུག་ནའང་ཕྱིས་སུ་རྒྱས་ཁམས་ཕྱོགས་བཅོམ་པས་ཡུལ་མིང་ཡང་ཁང་ཏིན(康定)སྟེ་ཁམས་པ་ཞི་འཇགས་ཞེས་པའི་དོན་ཅན་གྱི་མིང་དུ་བསྒྱུར་བ་ད་ལྟའི་བར་རྒྱུན་འབྱམས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་འདིའོ།།

  གཞན་ཡང་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པའི་མདའ་མདོ་དང་པ་ཝམ། བྲག་སྟེང་རྒྱལ་པོའམ་ཡུལ་དཔོན་གསུམ་ནི་དེང་གི་རོང་བྲག(丹巴)རྫོང་ཁོངས་སུ་ཡོད་ཅིང་། རོང་བྲག་ལ་མདའ་པ་ཞེས་ཐོགས་དོན་ཡང་རྒྱ་སྐད་དུ་མདའ་མདོ་ལ(丹东)དང་པ་ཝམ་ལ(巴旺)བྲག་སྟེང་ལ(巴底)ཞེས་འབོད་པས་ཡུལ་གསུམ་གྱི་མིང་ལས་མདའ་དང་པ་གཉིས་དྲས་ཏེ་བྱུང་བར་བཤད། ཅེས་སོ།།

  ལྕགས་ལ་རྒྱལ་པོའམ་མི་ཉག་རྒྱལ་པོའི་གདུང་རྒྱུད་ཞིབ་ཕྲའི་རྒྱལ་རབས་མ་རྙེད་ཅིང་། ས་སྤྱོད་པའི(杰布)འཇའ་ས་དང་གོ་གནས་ཐོབ་ཚུན་གྱི་གདུང་རྒྱུད་ཅི་བྱུང་གི་ཐོ་ཡིག་ཙམ་ཞིག་བྲག་བར་དཔལ་ལྡན་གྱིས་བརྩམས་པའི༼བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་༽དུ་བཀོད་པ་འདི་ལྟ་སྟེ།

ངག་དབང་རྒྱལ་མཚན། ༼ཡུང་ལོ་ཁྲི་ལོ་ལྔ་པ༽ སྤྱི་ལོ༡༤༠༧—༢༤༢༣ལོ། སྲིད་འཛིན་ལོ་བཅུ་དྲུག

གནམ་ཡེ་ཤེས། ༼ཡུང་ལོ་ཁྲི་ལོ་ཉེར་གཅིག་པ༽ སྤྱི་ལོ༡༤༢༣—༡༤༩༥ལོ། སྲིད་འཛིན་ལོ་བཅུ་དྲུག

དཔལ་འཛིན་ཡེ་ཤེས།༼ཀྲེན་ཐུང་ཁྲི་ལོ་གཉིས་པ༽སྤྱི་ལོ༡༤༣༧—༡༤༥༣ལོ། སྲིད་འཛིན་ལོ་བཅུ་དྲུག

མགོན་འཕགས་པ་ཡེ་ཤེས།༼ཞོན་ཀྲི་ཁྲི་ལོ་བརྒྱད་པ༽སྤྱི་ལོ༡༤༥༣—༡༥༡༡ལོ། སྲིད་འཛིན་ལོ་ང་བརྒྱད། མགོན་འཕགས་པ་ཡེ་ཤེས་ཀྱི་རྒྱལ་སྲིད་སྐྱོང་རྗེས་ལོ་རྒྱུས་དེབ་ཐེར་ནང་ལ་བཀོད་མེད། ཝན་ཉི་ཁྲི་ལོ་གསུམ་པ་ནས༼༡༦༡༠༽ནས་བཟུང་གོང་མ་རྒྱལ་པོ་ལ་ཕོག་ཐུགས་སོང་དོན་རྒྱལ་སྲིད་འཛིན་ཆོག་པས་ཆོག་མཆན་ཐོབ་པར་ལོ་ངོ་བཅུ་ཕྲག་ཁ་ཤས་སོང་མཚམས་སུ། ད་གཟོད་བསྟན་འཛིན་གྲགས་པ། ༼ཁང་ཞི་ཁྲི་ལོ་ལྔ་པ༽སྤྱི་ལོ༡༦༦༦—༡༦༨༡ལོ།  སྲིད་འཛིན་ལོ་བཅོ་ལྔ།

བཙུན་མོ་གོང་དགེའི། ༼ཁང་ཞི་ཁྲི་ལོ་ཉི་ཤུ་པ༽སྤྱི་ལོ༡༦༨༡—༡༧༠༡ལོ།  སྲིད་འཛིན་ལོ་བཅུ་དགུ།

བུ་མོ་སངས་རྒྱས། ༼ཁང་ཞི་ཁྲི་ལོ་ང་དྲུག་པ༽ སྤྱི་ལོ༡༧༡༧­—༡༨༠༠ལོ། སྲིད་འཛིན་ལོ་བཅུ་བདུན།

རྒྱལ་མཚན་དར་རྒྱས།༼ཡུང་ཀྲིན་ཁྲི་ལོ་གསུམ་པ༽སྤྱི་ལོ༡༧༢༥—༡༧༣༣ལོ། སྲིད་འཛིན་ལོ་བདུན།

བཙུན་མོ་ལྷ་ཚང་དང་བུ་ཆུང་རྒྱལ་མཚན་བདེ་ཚང་གཉིས་མཉམ་དུ། ༼ཆིན་ཆན་ལུང་ཁྲི་ལོ་བཅུ་པ༽སྤྱི་ལོ༡༧༣༣—༡༧༤༥ལོ། སྲིད་འཛིན་ལོ་ཉི་ཤུ།

རྒྱལ་མཚན་ནོར་བུ།༼ཆན་ལུང་ཁྲི་ལོ་ང་དྲུག་པ༽སྤྱི་ལོ༡༧༤༥—༡༧༩༡ལོ། སྲིད་འཛིན་ལོ་ཞེ་དྲུག

རྒྱལ་མཚན་གསལ་རྒྱལ།༼ཆིན་ཅཱ་ཆིན་ཁྲི་ལོ་བཅུ་བཞི་པ༽སྤྱི་ལོ༡༧༩༡—༡༨༠༩ལོ། སྲིད་འཛིན་ལོ་བཅོ་བརྒྱད།

རྒྱལ་མཚན་རྡོ་རྗེ།༼ཏོའོ་ཀྭང་ཁྲི་ལོ་བཞི་པ༽སྤྱི་ལོ༡༨༠༩—༡༨༣༣ལོ། སྲིད་འཛིན་ལོ་དགུ།

རྒྱལ་མཚན་བདེ་ཆེན།༼ཐུང་གྲི་ཁྲི་ལོ་བཅུ་གཉིས་པ༽སྤྱི་ལོ༡༨༣༣—༡༨༧༣ལོ། སྲིད་འཛིན་ལོ་བཞི་བཅུ།

རྒྱལ་མཚན་མཆོག་འཛིན།༼ཆིན་ཀྭང་ཞུས་ཁྲི་ལོ་ཉེར་བརྒྱད་པ༽སྤྱི་ལོ༡༨༧༣—༡༩༠༢ལོ། སྲིད་འཛིན་ལོ་ཉེར་དགུ།

རྒྱལ་མཚན་མཆོག་འཕེལ།༼ཞོན་ཐུང་ཁྲི་ལོ་གསུམ་པ༽༡༩༡༡

རྒྱལ་མཚན་མཆོག་འཕེལ་གྱི་རྒྱལ་སྲིད་ལོ་ཉི་ཤུ་འཛིན། མཐར་དམངས་རྒྱལ་ལོ་བཅུ་གཅིག་པ། སྤྱི་ལོ༡༩༢༢ལོར་རྒྱལ་མཚན་མཆོག་འཕེལ་བཙོན་དུ་བཟུང་ནས་བཙུན་མོ་དང་ལྷན་དུ་བཙོན་ར་ནས་བྲོས་པས་ཡ་ལ་ཆུ་འགྲམ་དུ་གཤེགས་སོང་། སྲིད་རྒྱུད་སྡོམ་བཅུ་གཉིས་ཙམ་སོང་ཡོད། དེ་ནས་ལྕགས་ལ་རྒྱལ་པོའི་སྲིད་རྒྱུད་ཆད། ཅེས་སོ། གཞན་ཡང༼དར་མདོ་རྡོ་རྗེ་བྲག་དགོན་གྱི་ལོ་རྒྱུས༽ལས། བོད་རབ་བྱུང་བཅུ་གཉིས་པར་ལྕགས་ལ་རྒྱལ་རབས་སོ་དྲུག་པའི་སྲས་པདྨ་ཐེག་མཆོག་དགོན་བདག་གསེར་ཁྲིར་མངའ་གསོལ་ནས་ཉིད་ཀྱིས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་དབྱར་མཚོ་བཞིན་རྒྱས་པ་དེ་ནི་ལྕགས་ལའི་སྡེ་འབངས་དང་རྒྱལ་རོང་སྲས་ཚང་དང་ཨ་ཇ་ཁ་པ་སོགས་དད་ལྡན་རྣམས་ཀྱིས་དགོན་འདི་ཉིད་སྐྱབས་གནས་གཙོ་བོར་བཀུར་ཏེ་གཟིགས་སྐྱོང་ཆེན་པོ་གནང་བ་ལས་བྱུང་། ཞེས་ཀྱང་བྱུང་བས་དེའི་སྐོར་ལ་མུ་མཐུད་ནས་ཞིབ་འཇུག་བྱེད་དགོས་པར་སྣང་ངོ་།། ཞེས་སོ།།

བཙན་ལྷ་དག་དབང་ཚུལ་ཁྲིམས་ཀྱིས༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ༽ལྡེབ་མ༣༠༨དང་༼བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་༽ལྡེབ་མ༦༣༡དང༼དར་མདོ་རྡོ་རྗེ་བྲག་དགོན་གྱི་ལོ་རྒྱུས༽ལྡེབ་མ༣༣ལས་བཏུས།


  • ལེ་ཚན་སྔོན་མ།:བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད།
  • ལེ་ཚན་རྗེས་མ།:ཤར་པ་ཆོས་འབྱུང་ལས་བྱུང་བའི་མི་ཉག་དང་ལྕགས་ལའི་སྐོར།