༼སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ༽

ཨ་འབུམ་བློ་བཟང་དམ་ཆོས།    དགེ་ཆོས་དྲ་བ།    2011-04-07

༼སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ༽༼སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ༽


སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་རྩ་བ་དང་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་བྱས་པའི་གནའ་དེང་རིག་གནས་བསླབ་སའི་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ཞིག་ཡིན་ལ་ད་དུང་དངོས་ཚན་དང་ཆེད་ཚན། ལས་བྱེད་ཟབ་སྦྱོང་འཛིན་གྲྭ་སོགས་རིམ་པ་མི་འདྲ་བའི་འཛིན་གྲྭ་སྣ་མང་ཞིག་ཡོད་པའི་ཕྱོགས་འདུས་རང་བཞིན་གྱི་འབྲིང་གཉེར་སློབ་གྲྭ་ཞིག་ཀྱང་ཡིན། སྤྱི་ལོ་༡༩༨༡ལོའི་ཟླ་༡༠པའི་ཚེས་༥ཉིན་རང་རིགས་ལ་ལྷག་བསམ་ཤིན་ཏུ་དཀར་བའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུང་རེན་བཀྲ་ཤིས་ཚེ་རིང་སོགས་འབྲེལ་ཡོད་དབུ་ཁྲིད་རྣམ་པའི་ཐུགས་བསྐྱེད་ཡང་དག་པའི་བཀའ་དྲིན་འོག་སྡེ་དགེ་རྫོགས་ཆེནཤྲཱི་སེང་དུ་སི་ཁྲོན་ཞིང་ཆེན་སྡེ་དགེ་བོད་ཡིག་སློབ་གྲྭ་དངོས་སུ་བཙུགས། དེ་དུས་གཙོ་བོ་སློབ་གྲྭའི་དགེ་རྒན་དུ་བྱོན་པའམ་གདན་ཞུའི་དགེ་རྒན་དུ་ཕེབས་པ་ནི་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་ལྔ་རིག་སྨྲ་བ་མཁན་ཆེན་པད་མ་ཚེ་དབང༌། དིལ་མགོ་མཁྱེན་བརྩེ། ཁྲོ་རུ་མཁན་ཆེན་ཚེ་རྣམ། སྦྲ་སྐོར་མཁན་ཆེན་ཐུབ་ནོར། སྡེབ་རིས་སྲོལ་འབྱེད་ཐང་བླ་ཚེ་དབང༌། རྫོགས་ཆེན་མཁན་པོ་ཐུབ་དབང༌། དིལ་ཆུང་མཁན་པོ་བློ་ཆོས། མཆོག་སྤྲུལ་པད་མ་སྐལ་བཟང༌། རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ། སྐུ་ནུབ་མཁན་པོ་འོད་ཟེར། མདོ་རྗེ་བཙུན་མ་ཟླ་གསལ་དབང་མོ། ཚ་ཚ་སྒྲུབ་རྒན་ཀརྨ་སེང་གེ། ཏྲེ་ཧོར་དགེ་བཤེས་བློ་བཟང་དོན་འགྲུབ། དགེ་མང་མཁན་པོ་ཚེ་རིང་ཉི་མ། གསོ་རིག་མཁས་ཆེན་གོ་འཇོ་དབང་འདུས། མཁས་དབང་སྐལ་བཟང་འགྱུར་མེད། སྐད་གཉིས་སྨྲ་བ་འབའ་སྐལ་བཟང་ཆོས་འཕེལ།རྗེ་དམུ་དགེ་བསམ་གཏན་སོགས་སྐྱེས་ཆེན་དམ་པ་མང་པོས་ཐུགས་གནང་མཛད། སྤྱི་ལོ་༡༩༨༣ལོའི་ཟླ་༧པར་སློབ་གྲྭའི་དགེ་སློབ་ལས་བཟོ་ཕྱེད་ཀ་སྐབས་དེའི་མགར་ཐང་རྫོང་དུ་ཡོད་པའི་རྫོང་ལས་གནས་ཁང་དུ་སྤོས་དེ་གནས་གཞི་གཡར། དེའི་ཕྱིས་སུ་༡༩༨༥ལོའི་ཟླ་༧པར་རྟའུ་རྫོང་དུ་སྤོས། ལོ་དེར་སློབ་གྲྭའི་མཚན་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་པར་བསྒྱུར། ༡༩༩༤ལོའི་ཟླ་༣པའི་ཚེས་༡༨ཉིན་དར་མདོ་གཡང་རྭ་ལུང་པར་དངོས་སུ་སྤོས་ཤིང་དུས་ད་ལྟའི་བར་ལོ་འཁོར་༢༨རིང་གི་སློབ་གྲྭ་འདི་ཉིད་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སློབ་གྲྭ་འདིར་ཆེད་སྦྱོང་དུ་བོད་ཀྱི་སྐད་ཡིག་དང་གསོ་བ་རིག་པ། བཟོ་རིག་པ། བོད་རྒྱ་ཡིག་སྒྱུར། བོད་རྒྱ་དྲུང་ཡིག བོད་རྒྱ་རྩིས་འཕྲུལ། ལས་བྱེད་ཟབ་སྦྱོང༌། དགེ་ རྒན། བོད་རྒྱ་རིག་གནས་ཡུལ་སྐོར་བཅས་དང༌། གཞན་ཡང་དངོས་ཚན་དང་ཆེད་ཚན་ལས་བྱེད་ཟབ་སྦྱོང་བཅས་འདུས་པའི་རིམ་པར་སླེབས་ཡོད། བོད་ཡིག་སློབ་གྲྭ་དེ་ནས་སྔོན་མཐར་ཕྱིན་པའི་སློབ་མ་ཁྱོན་བསྡོམས་ཉིས་སྟོང་ལྷག་གསོ་སྐྱོང་བྱས་ཤིང་སློབ་མ་དེ་དག་ལས་གང་མང་ཞིག་ནི་ད་ལྟ་ས་ཁུལ་གང་ཕྱོགས་སུ་ཁྱབ་ཡོད་པ་མ་ཟད་བོད་ཀྱི་རིག་གནས་ཀྱི་ལས་ཀར་ཕྱོགས་ཡོངས་ནས་ནུས་ཤུགས་ཆེས་ཆེརའདོན་པ་དང་རླབས་ཆེན་གྱི་བྱ་དོན་ཡང་གང་ལེགས་སྒྲུབ་ཀྱི་ཡོད། དེ་ལྟར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཆོག་གྱུར་གྱི་ལས་ཀ་རིམ་པ་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་ཞིང༌། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་འགོ་ཁྲིད་དང་ལས་ཁུང་སོ་སོ་ནས་བྱ་དགའ་རིམ་པ་གང་མང་གནང་ཡོད། ཁྱད་པར་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་དབུ་འཛིན་པ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་རང་རེའི་སློབ་གྲྭར་ལས་དོན་གཟིགས་ཞིབ་ཏུ་ཕེབས་སྐབས་སློབ་གྲྭའི་ལས་དོན་ལ་གཟེངས་བསྟོད་དང་གདེང་འཇོག་ཆེན་པོ་གནང་བར་མ་ཟད་རིན་པོ་ཆེ་རང་ནས་སློབ་གྲྭའི་མཚན་འཛིན་སློབ་གཙོ་གཞོན་པའི་འགན་བཞེས་གནང་རྒྱུ་ཞལ་གྱིས་བཞེས། མདོར་ན་འདས་པའི་དུས་ཀྱི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་རིག་གནས་བསླབ་ཡུལ་ཡིན་ལ་མ་འོངས་པའི་དུས་སུའང་བོད་ཡིག་སློབ་གྲྭ་འདི་ཡང་བོད་ཀྱི་རིག་གནས་བསླབ་སའི་ལྟེ་གནས་ཤིག་ཏུ་འགྱུར་དགོས། གལ་ཏེ་དེ་ལས་ལྡོག་ནས་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྲོག་གི་དབང་པོ་ཤོར་ཟིན་ན་དེས་བོད་རིགས་མི་དམངས་ལ་ཞབས་ཕྱི་རྒྱ་ཆེན་པོ་སྒྲུབ་པའི་སྒོ་ཆེན་ཞིག་བརྒྱབ་པ་ཡིན། དེར་བརྟེན་བོད་ཡིག་སློབ་གྲྭ་འདི་ཉིད་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཐུབ་པ་དང་སྲོག་གི་དབང་པོ་བརྟན་པའི་ཐབས་དམ་པ་ནི་ང་ཚོ་དགེ་སློབ་ཚང་མའི་མཐུན་སྒྲིལ་དམ་ཟབ་དང་འབད་བརྩོན་དྲག་པོ་ལ་རག་ལས་སོ།

  • ལེ་ཚན་སྔོན་མ།:སློབ་མའི་ཀུན་སྤྱོད་སློབ་གསོ།
  • ལེ་ཚན་རྗེས་མ།:འཆིང་སྡོམ་གྱི་ནག་ཉེས།
  • དོ་སྣང་ཆེ་བའི་རྩོམ།