ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་དར་མདོར་འཚོགས།

ཡེ་མགོན་གྱིས་བསྒྱུར།        2018-04-16

     སི་ཁྲོན་ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ9པའི་ཚེས1ཉིན་ནས་ཚེས10བར་དར་མདོར་འཚོག་རྒྱུ་ཡིན་ཞིང་། སྐབས་རིམ་བྱུང་གི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་གཞི་ཁྱོན་ལྟར། དཀར་མཛེས་དང་རྔ་བ། ལིའང་ཧྲན། ཁྲེང་ཏུའུ། མེན་དབྱང་། ཕན་ཀྲི་ཧྭ་སོགས་གྲོང་ཁྱེར(ཁུལ)དང་སློབ་གྲྭ་ཆེན་མོའི་འཐུས་ཚབ་ཚོགས་པ14ཡི་མི 6000ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་ཡིན་པ་རེད།

      སྤྱི་ཟླ4པའི་ཚེས9ཉིན་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་དར་མདོར་འཚོགས་པ་རེད། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་གྲ་སྒྲིག་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་བ་རེད། 

      རྡོ་རྗེ་རབ་བརྟན་གྱིས་གསུངས་དོན། ཐེངས་འདིར་འཛུགས་གཉེར་བྱ་རྒྱུའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་དུས་རབས་གསར་པར་སྐྱོད་འགོ་བཙུགས་ཚུན་ཐེངས་དང་པོར་འཛུགས་གཉེར་བྱེད་པའི་ལུས་རྩལ་འགྲན་ཚོགས་ཤིག་རེད། འཆར་འགོད་བྱེད་པའི་སྐབས་སུ་དུས་རབས་ཀྱི་བརྗོད་གཞི་གཙོ་བོར་དམ་པོར་གཞིགས་ནས་དུས་རབས་ཀྱི་ཁྱད་ཆོས་མཚོན་པ་བྱེད་པའི་དུས་མཚུངས་སུ། ཁྱད་ཆོས་ཡོད་ལ་སྤུས་ཀ་ཡག་པའི་ལུས་རྩལ་འགྲན་ཚོགས་ཤིག་འཛུགས་གཉེར་བྱས་ཏེ་མི་རིགས་སོ་སོ་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་སྟོབས་ཤུགས་གོང་བུར་གཅིག་ཏུ་འགྲིལ་དགོས།

      གྲ་སྒྲིག་ཚོགས་འདུའི་ཐོག་རྡོ་རྗེ་རབ་བརྟན་གྱིས་ཐེངས་འདིའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་བསྒྲུབས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་རིམ་ནང་རང་རེའི་ཞིང་ཆེན་གྱིས་ཐེངས་དང་པོར་འཛུགས་གཉེར་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པ་རེད། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ཞིང་། མི་རིགས་མཐུན་སྒྲིལ་བརྟན་བརླིང་ཡོང་བའི་མཐོ་ཚད་ཐོག་ལངས་ནས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་འཛུགས་གཉེར་ཡག་པོ་བྱ་རྒྱུ་ནི་རང་རེའི་ཞིང་ཆེན་གྱི་མི་རིགས་ས་ཁུལ་འཕེལ་རྒྱས་ཡར་ཐོན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་གཅིག་བསྡུས་ཀྱིས་མངོན་སྟོན་བྱེད་སའི་ལས་སྟེགས་ཡིན་ལ། ཁྱོན་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་བསྟར་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་བའི་མཚོན་ཚུལ་ཞིག་ཀྱང་ཡིན་ཞིང་། རྒྱལ་ཁབ་ཀྱི་དམངས་ཡོངས་བདེ་ཐང་གི་འཐབ་ཇུས་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཡིན་ལ། མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པར་གཏོང་སའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན་པའི་གལ་ཆེ་བའི་དོན་སྙིང་ཡོད་པར་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས། ལས་འགན་ཁུར་བའི་རང་རྟོགས་བཅས་ཇེ་དྲག་ཏུ་གཏང་དགོས།

      རྡོ་རྗེ་རབ་བརྟན་གྱིས་ནན་གསུང་གནང་དོན། གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀ་ནི་སྡེ་ཁག་མང་པོ་དང་འབྲེལ་བ་ཡོད་པས་དེར་ཞུགས་མཁན་གྱི་མི་མང་ལ་ལས་འགན་ལྗིད་པོ་ཡིན་པ་དང་། འགན་འཁྲི་ལྗིད་པོའི་ལས་གྲྭ་ཞིག་ཡིན་པ་རེད། ཚང་མས་རྡོག་རྩ་གཅིག་བསྒྲིལ་བྱས་ནས་གྲ་སྒྲིག་ལས་ཀ་སོ་སོ་ཡག་པོ་བསྒྲུབ་དགོས།

      ཞའོ་ཡིའུ་ཚའེ་ཡིས་ཐེངས་འདིའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་བཀོད་སྒྲིག་བྱས་ཚུལ་དང་། རང་ཁུལ་གྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་སྤེལ་ཚུལ། ཕྱིན་ཆད་ད་རུང་གྲ་སྒྲིག་བྱ་རྒྱུའི་གནས་ཚུལ་ཡོངས་བསྒྲགས་མཛད་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་དམངས་སྲིད་ལས་དོན་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས
  • དོ་སྣང་ཆེ་བའི་རྩོམ།