ངའི་སྙིང་ཉེ། ད་གཉིད་དུ་མ་ཡུར།

སྒ་རྒན་ཀུན་བཟང་རིག་འཛིན།        2018-04-13

ངའི་སྙིང་ཉེ།

ད་གཉིད་དུ་མ་ཡུར།

ཕ་ཡུལ་གྱི་ལྷིང་འཇགས་འདི་ལ་ཡིད་བརྟན་མི་རུང་།

འབྲུག་སྒྲ་ཞིག་གིས་གཉིད་ལས་སད་དུས།

ཕྱུར་བ་སྐམ་པ་ཆར་པས་བརླན་ཟིན།

 

ངའི་སྙིང་ཉེ།

ད་གཉིད་དུ་མ་ཡུར།

ཁྱིམ་ཚང་གི་སོས་དལ་འདི་ལ་བློ་འགེལ་མི་རུང་།

རྨི་ལམ་ངན་པས་ཧད་ཀྱིས་དཀྲོག་དུས།

མ་ཎི་ཕྲེང་བ་ལག་ནས་ཐོར་ཟིན།

 

ངས་ཡིན་གཅིག

ཀ་ཁ་ག་ང་ཚར་གཅིག་ཀློག་ན་ཕྱི་མར་ངན་སོང་མྱོང་མི་དགོས་པའི་བྱིན་ཅན་གྱི་མན་ངག་སྤྲོད་དགོས་སམ།

 

ངའི་སྙིང་ཉེ།

ད་གཉིད་དུ་མ་ཡུར།

གྲོང་ཁྱེར་གྱི་འདུ་འཛི་འདི་ལ་རེ་བ་བཅོལ་མི་རུང་།

ཨར་ཁང་བུ་མོས་གཉིད་ལས་སློང་དུས།

གངས་ཆུའི་ཁྲག་དྲོན་ཁོག་ནས་བཞུར་ཟིན།

 

ངའི་སྙིང་ཉེ།

ད་གཉིད་དུ་མ་ཡུར།

སྦྲགས་སྐད་ཀྱི་སྙིང་གཏམ་འདི་ལ་ཡིད་གཏད་མི་རུང་།

ལྐུགས་པའི་ལག་བརྡས་གཉིད་ལས་སློང་དུས།

ཨ་ཕ་ཨ་མའི་ལོ་རྒྱུས་སྟོང་ཟིན།

 

ངས་ཡིན་གཅིག

ཀ་ཁ་ག་ང་ཚར་གཅིག་ཀློག་ན་ཚེ་འདིའི་འཚོ་བར་དཀའ་ངལ་མི་བྱུང་བའི་དངུལ་ལོར་གྱི་ཁེ་ཕན་སྤྲོད་དགོས་སམ།

 

ངའི་སྙིང་ཉེ།

ད་གཉིད་དུ་མ་ཡུར།

………


  • ལེ་ཚན་སྔོན་མ།:གྲོགས་པོ།
  • ལེ་ཚན་རྗེས་མ།:མིག་ཟུང་།