གྲོགས་པོ།

གངས་གཡག་དཔལ་ལྷུན།        2018-04-13

ཀུན་སྤྱོད་གཙང་ཞིང་གཞན་ཕན་ལས་ལ་མཁས། །

ཕ་མར་གུས་ཤིང་མཛའ་བརྩེའི་འབྲེལ་ལམ་ཟབ། །

མཐོ་དམན་གཉེན་ཉེའི་ཡང་ལྕི་དབྱེར་མེད་པར། །

དྲང་པོའི་སྙིང་གི་མཆོད་པ་དྭངས་གཙང་གྲོགས། །

 

དགའ་བའི་གཏམ་གླེང་ཚོགས་སར་ཇ་མངར་འདྲ། །

སྡུག་གི་སྐྱོ་གདུང་ཁྲོད་ན་སེམས་གསོས་སྨན། །

གྲོགས་ཀྱི་དྭངས་མ་དགོས་འདོད་ཀུན་འབྱུང་བཞིན། །

དགའ་སྡུག་གང་དུ་ཡིན་ཡང་ཁྱེད་དང་འགྲོགས། །

 

འཛུམ་དཀར་བཞད་བགད་བྱེད་པ་འདང་བརྩེ་མིན། །

ཁ་མཁས་ཚིག་སྙན་སྨྲ་བ་གདུང་སེམས་མིན། །

གྲོགས་ཀྱི་ལ་རྒྱ་སྙིང་གི་དབུས་ན་ཡོད། །

དགའ་སྡུག་གང་དུ་ཡིན་ཡང་ཁྱེད་དང་འགྲོགས། །

 

ཆང་འཐུང་རོལ་རྩེད་གཡེང་རོགས་གྲོགས་མ་ཡིན། །

རྣམ་གཡེང་ལེ་ལོར་ཁྲིད་མཁན་གྲོགས་མ་ཡིན། །

གྲོགས་ཀྱི་དྭངས་མ་འཚོ་བའི་ལམ་ཁར་ཡོད། །

དགའ་སྡུག་གང་དུ་ཡིན་ཡང་ཁྱེད་དང་འགྲོགས། །

 

རང་མཁོའི་ནོར་ཞིག་མཐོང་ན་ཚེམས་བརྒྱས་བསུ། །

གཞན་ཕན་ལས་ཤིག་བྱེད་ཚེ་རྒྱང་ནས་གཡོལ། །

སྐྱིད་སྡུག་མཉམ་མྱོང་ཟེར་བ་ནམ་མཁའི་སྤུན། །

དེ་འདྲའི་གྲོགས་པོ་ནམ་ཡང་སྤང་བྱ་ཡིན། །

 

དང་པོ་འགྲོགས་དུས་སྙན་སྙན་འཛུམ་གྱིས་བསུ། །

བར་དུ་འདྲིས་དུས་ངན་ངོན་གཏམ་གྱིས་སྨོད། །

མཐའ་མའི་དུས་ན་ཞེ་འཁོན་གཡེན་མཁས་པའི། །

ཁ་དཀར་གཏིང་ནག་གྲོགས་སུ་རུང་མ་ཡིན། །

 

གཞན་ནོར་ཁབ་སྐུད་ཙམ་ལ་འདོད་རྔམ་དང་། །

རང་ནོར་ཏིལ་འབྲུ་ཙམ་ལ་སེར་སྣ་ཡིས། །

ཕན་ཚུན་ཞེ་སྡང་སེམས་ཀྱིས་འཆང་བ་ཡི། །

སྐྱེས་བུ་དེ་ནི་གྲོགས་སུ་རུང་མ་ཡིན། །


  • ལེ་ཚན་སྔོན་མ།:ལག་མཐིལ་ནང་ལྟ་བ།
  • ལེ་ཚན་རྗེས་མ།:ངའི་སྙིང་ཉེ། ད་གཉིད་དུ་མ་ཡུར།