སྣང་བའི་ཁྲོད་ཀྱི་ས་བོན།

མེ་ཡི་ལྕེ་ལྡན།        2018-04-12

འཚོ་བའི་ལས་རླུང་གིས་རྒྱབ་ནས་དེད་ཅིང་། །

དྲན་པ་དགུ་འགྱུར་གྱིས་སྤྲིན་དང་འཐབ་དུས། །

དག་པའི་གནས་ལུགས་ཀྱི་ནས་སོན་རྡོག་པོ། །

འཚོ་བའི་གནས་མལ་ནས་ཉུལ་དགོས་བྱུང་སོང་། །

 

སྟོང་དང་རྟེན་འབྲེལ་གྱི་གནས་ལུགས་ཟབ་མོ། །

སྟོན་པ་སངས་རྒྱས་ཀྱི་ཞལ་ནས་གསུངས་ཀྱང་། །

དྲན་པ་ལང་ཤོར་གྱི་ས་ཞིང་རྒོད་པོར། །

རྟེན་འབྱུང་ས་བོན་གྱི་ལྡོག་ཟླ་ལང་ཡོང་། །

 

སྣང་བ་བན་བུན་གྱི་སྤྲིན་པའི་གསེབ་ན། །

གཉུག་སེམས་དག་པ་ཡི་ལུགས་ཤིག་ཡོད་སྐད། །

འདོད་ཡོན་མེ་ཏོག་གི་མཛེས་ཉམས་བཀྲ་དུས། །

རྒྱུ་འབྲས་དྲང་སྙོམས་ཀྱི་ས་བོན་བོར་འགྲོ། །

 

མཐའ་བྲལ་གནས་ལུགས་དེ་སེམས་ལ་བཞག་ནས། །

དབུགས་ལྡན་འགྲོ་བ་ཀུན་མ་རུ་བསྒོམས་ཀྱང་། །

འཚོ་བའི་སྲང་མདའ་ལ་མཐོ་དམའ་ཤོར་ཚེ། །

དགྲ་གཉེན་དབྱེ་བ་ཡི་ཆར་རླུང་འཚུབ་འོང་། །

 

ཆོས་དྲེད་མཁན་པོ་དག་འུར་ལང་མ་མཛོད། །

འཁོར་བའི་ཐང་ཆེན་ལ་བདེ་བར་བཞུགས་དང་། །

ཚུར་མཐོང་ས་བོན་གྱི་འབྲས་བུ་དག་ལས། །

རྒྱུ་འབྲས་དྲང་སྙོམས་ཀྱི་བདུད་བརྩི་བཞེས་ཆོག །


  • ལེ་ཚན་སྔོན་མ།:ནས་སོན།
  • ལེ་ཚན་རྗེས་མ།:རེ་བའི་ནས་འབྲུ་གསོན་པོ།