སྤྲང་པོའི་སེམས་ན་འཛུམ་པའི་ས་བོན།

སེ་མཚོ་སྐྱེམ།        2018-04-12

མི་ཚེའི་ལས་རླུང་གད་གྲོང་སྤྱིལ་བུར་བསྟིམ་པའི། །

ཁྱི་དང་སྤྲང་པོའི་འཚོ་བ་ངན་ངོན་ཞིག་གིས། །

འཐིང་སླད་སུན་འབྱིན་བྲེལ་བའི་ཡིད་ཀྱི་ཁྱེའུ། །

འདས་སོང་ལོ་ཟླའི་ཕག་ནས་རྒྱང་ལ་བྱོལ་འདོད། །

 

ཨ་ཐང་ལན་གཅིག་ཆད་པ་ཉུང་ངུ་མིན་པའི། །

མི་ཚེ་སྐྱོ་བས་འཁྱེར་བའི་ལོ་ཟླའི་འོག་འགྱུ། །

བརླང་ཚིག་དུག་ལོ་སྲུལ་བའི་མཁན་གྲོང་རེ་ན། །

ཡུས་སེམས་གཉོམ་པོ་མྱ་ངམ་ཐང་ན་ཉུལ་འོང་། །

 

སྤྲང་པོའི་སེམས་ན་གཟིམས་པའི་འོད་ཀྱི་ཟེགས་མ། །

དུས་གསུམ་རེ་བས་སྲུང་བའི་ས་བོན་གྲུང་པོ། །

ཐོབ་ཤོར་མི་ཚོགས་གསེབ་ནས་ཁབ་བཞིན་བོར་ཚེ། །

འདུན་པའི་སྡོང་ལོ་དེ་ཡང་ཕང་བར་ཟགས་སོང་། །

 

ཡིད་ཀྱི་བེར་ཀ་སྐྱ་རེངས་ངོགས་ན་བཅོལ་ཞིང་། །

མཛའ་བའི་དྲོད་ཁོལ་མུན་པའི་མདངས་ལ་འཆེལ་བའི།།

ཁྱི་ཡི་བརྟུལ་ཞུགས་བླངས་པའི་ལྡོམ་པོ་གང་དེས། །

མཆི་མའི་ས་བོན་ནམ་མཁའི་རླུང་ལ་བསྲིངས་འདུག །

 

རེ་བའི་སྙིམ་སྦྱོར་མང་པོ་འཚང་ག་ཤིག་ཤིག །

ཐལ་མདོག་ས་བོན་འབྲུ་རྡོག་ཇེ་ཉུང་ཇེ་ཉུང་། །

ང་དང་ཁྱོད་ལ་རེ་བའི་སྤར་མོ་མེད་ཚེ། །

ལྗང་མྱུག་གསར་པ་སྦྲུམ་པའི་ཐ་ཚིག་ཡིན་འགྲོ། །

 

ངུ་ངག་སེམས་སུ་ལྷུང་བའི་གཏོལ་མེད་ལྡོམ་པོ། །

རྨི་ལམ་ཡན་ཡུན་སུལ་ན་བྱ་བཞིན་འཕུར་ཞིང་། །

མི་ཚེ་ཞིང་ས་གཤིན་པོ་ཐན་པས་གཟས་ཚེ། །

ཡང་མཐའི་རི་གཤམ་ཞིག་ལ་གོམ་པ་བརྟོལ་ངེས། །


  • ལེ་ཚན་སྔོན་མ།:ལག་པ།
  • ལེ་ཚན་རྗེས་མ།:ནས་སོན།