མཆོད་པ་ཙམ་དུ་མ་ལུས་པ། སྙིང་སྟོབས་བརྒྱུད་འཛིན་ལྷག་ཏུ་གལ།

སྐལ་བཟང་ཐུབ་བསྟན།        2018-04-10

ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་ཡ་གྱལ་དུ་གྱུར་པའི་དུར་མཆོད་ཉིན་མོའམ་སྐྱོ་སངས་དུས་ཆེན་ནི་བཀྲ་ཤིས་པའི་ཉི་མ་ཡར་ལོག་རྗེས་ནས་བརྩིས་པའི་ཉིན་མོ་བརྒྱ་དང་བཞིར་ཁེལ་དུས་ཡིན་ཞིང་། དཔྱིད་མཉམ་དུས་ཚིགས་ཤར་རྗེས་ཀྱི་ཉིན་བཅོ་ལྔ་པར་ཡིན་པ་རེད། བཤད་སྲོལ་ལྟར་ན་ཁྲུན་ཆིའུ་དུས་རབས་ནས་དར་བར་བཤད་ཅིང་འདས་པོར་མཆོད་འབུལ་དང་དུར་ས་གད་བདར་བྱེད་པའི་ཉིན་མོ་ཡིན་པ་རེད། དུར་མཆོད་དུས་ཚིགས་ཤར་ཚེ་དཔྱིད་རླུང་དྭངས་ཤིང་ཁམས་སངས་པོ་ལྡང་བ་དང་གནམ་གཤིས་དྲོ་ཞིང་ཆར་ཆུ་མང་བས་དཔྱིད་རྨོད་ཀྱི་དུས་ཚིགས་བཟང་ཤོས་སུ་ཁེལ།

ཟླ་བ4པའི་ཚེས་ལྔ་ཉིན། རྒྱལ་ཡོངས་ཀྱི་མི་མང་ཆེ་བས་རང་གི་ཕ་མེས་ཡང་མེས་མཆོད་འབུལ་བྱེད་པ་དང་། ཡང་སྒོས་སུ་རིམ་ཁག་དང་སྡེ་ཁག་གིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་གསར་བརྗེའི་དཔའ་བོ་རྣམས་ལ་མཆོད་འབུལ་དང་སྦྲགས་རྗེས་དྲན་ཞུས་དང་ཞུ་བཞིན་ཡོད། དེའི་དམིགས་ཡུལ་ནི་རྨོངས་དད་ཀྱི་སྲོལ་དང་འབྲེལ་བའི་རྙིང་ཞེན་རྗེས་ལུས་ཀྱི་རིག་གནས་དར་སྤེལ་གཏོང་བའི་ཆེད་མ་ཡིན་གྱི། མི་རིགས་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ། དཔའ་བོའི་ལོ་རྒྱུས་བཅས་མི་བརྗེད་པ་དང་། མེས་རྒྱལ་དང་མི་རིགས་ལ་དུང་ཞེན་སྔར་བས་ཆེ་བ། མཐུན་སྒྲིལ་གྱི་མདུད་པ་ཇེ་དམ། མདུན་སྐྱོད་ཀྱི་ངར་ཤུགས་གཅིག་ཏུ་བསྒྲིལ་བའི་ཆེད་དུ་ཡིན་ལ། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པ། མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཆེད་དུ་ཡང་ཡིན་ནོ།།

དེས་ན་ང་ཚོས་དུར་མཆོད་ཀྱི་ལུགས་སྲོལ་བརྒྱུད་འཛིན་ལྷད་མེད་བྱ་དགོས་པར་མ་ཟད། དུར་མཆོད་ལས་མཚོན་པའི་སྙིང་སྟོབས་བརྒྱུད་འཛིན་ཡང་དག་བྱ་དགོས། ལྷག་དོན་དུ་མེས་པོ་གོང་མ་དང་སྔོན་གཤེགས་དཔའ་བོའི་མཛད་འཕྲིན་བཟང་པོའི་དྲི་མ་བྱིས་པའི་ལུས་སེམས་ཡོངས་སུ་ཁྱབ་པར་བྱས་ཏེ་རྒྱལ་ཁབ་ལ་དགའ་ཞེན་དང་ལས་ལ་བརྩོན་ཞིང་བཀུར་བ། ཁ་ཐོག་ཚིག་ལ་གནས་པ། མཛའ་ཞིང་མཐུན་པ། ནང་གི་སྙིང་སྟོབས་གནམ་ལྕགས་ལྟར་སྲ་བ་བཅས་ཀྱི་རང་གཤིས་འགྱུར་མེད་གསོ་སྐྱོང་བྱ་རྒྱུ་གལ་ཆེའོ།། 


  • ལེ་ཚན་སྔོན་མ།:བྲེལ་ཟིང་ཁྲོད་ཀྱི་ཁྱེད།
  • ལེ་ཚན་རྗེས་མ།:སྙན་འཇེབས་ལྡན་པའི་དབྱངས་རྟ།