ལྷག་བསམ་གྱི་རྔ་བོ།

ཏྲེ་ཧོར་ཉི་ཆུང་།        2018-03-21

           བོད་ལྗོངས་གཙུག་ལག་སྙིང་ནོར་འཛམ་གླིང་ན་དཀོན་པའི། །

           བཙན་པོའི་དུས་རབས་ནས་བྱུང་འཛུགས་སྐྲུན་གྱི་བདེན་རྟགས། །

           པོ་ཏའི་ཕོ་བྲང་ཡིད་འོང་བློ་རིག་ལ་དཔྱོད་ན། །

           བསྔགས་བརྗོད་དར་ཆ་རིང་པོ་མཁའ་དབྱིངས་སུ་སྒྲེང་འོས། །

       

           ས་ཀུན་འབྱོར་བའི་འཛམ་བུ་ཆུ་གསེར་ལྟར་འགྱུར་བར། །

           ཁམས་བདེ་བག་ཕེབས་གླིང་འདིར་འཚོ་བ་ཡི་མི་རིགས། །

           གཙང་མའི་ལུགས་སྲོལ་ཡང་ཡང་རྒྱུན་འཛིན་གྱི་གཤིས་ཀ །

           མ་ལུས་སྐྱེ་དགུའི་རྩེ་མོར་ངེས་པ་རུ་མཆོད་འོས། །

       

           དྲོད་འཛིན་ཤ་མར་དྲོ་བའི་བལ་སྣམ་དང་ཚ་ལྤགས། །

           ཆེན་པོའི་རྒྱལ་རབས་འཇམ་པའི་ཆོས་རབས་ཀྱི་ལོ་རྒྱུས། །

           ཟས་ཀྱི་བཅུད་དང་གོས་ཀྱི་དྭངས་མ་རུ་སྤྱོད་ནས། །

           མཆོག་གསུམ་གཙུག་བཀུར་བཟང་པོའི་རྒྱུད་འཛིན་ལ་ཞུགས་འོས། །

       

           བཅུ་གཉིས་ལོ་ཟླར་དར་བའི་སྐར་རྩིས་དང་ཟློས་གར། །

           ཕྲག་དོག་ང་རྒྱལ་རྒྱས་འཇོམ་ནང་རིག་དང་སྙན་ངག །

           རིག་རྨོངས་དགྲ་བོའི་གོང་གནོན་སྒྲ་ཚད་དང་བཟོ་གསོ། །

           པ་སངས་མདངས་ལྟར་འཕེལ་བའི་མཐོ་སྒང་དུ་སྦྱོང་འོས། །

      

           ཉམས་མེད་གནས་པའི་མི་ཡི་ལོ་རྒྱུས་ཀྱི་བསླབ་བྱ། །

            མྱོང་བར་ཕྱོགས་པའི་རིགས་མཐུན་སྐྱེ་བོ་དག་བསྟོད་བཞིན། །

           ཕྱོགས་རིས་ལྟ་བས་མདུན་ལམ་ནམ་རྒྱུན་དུ་རློག་པའི། །

           སྡོམ་སེམས་ཇེ་ཆེར་སྐྱོད་རྣམས་ཉིན་རེ་ལས་སྨད་འོས། །

       

           ལོ་འདབ་རྒྱས་མཚུངས་སྙིགས་མིན་མཛེས་སྡུག་གི་གངས་ལྗོངས། །

           རྒྱུས་ལོན་བདག་སྐྱོང་དོར་ཐབས་བརྩོན་པ་ཡི་མི་འགས། །

           ཕྱིར་རབས་རྒྱན་ལ་བཅུད་བྲལ་སྒྲོ་འདོགས་ཀྱི་རིག་གཞུང་། །

           མིག་སྔར་འགྲེམ་ནས་ལེན་སྐུལ་སྨྱོན་བཤད་དེ་སྐྱུར་འོས། །

       

           ཁ་བའི་ལྗོངས་འདིར་ད་ཡང་བོད་ཡིག་སྟེང་རྩོམ་སྒྱུར། །

           སང་དང་གནངས་པའི་ཚབ་འཇོག་འགུལ་འཚེར་གྱི་ངན་ཤན། །

           ཉིན་མཚན་སྦྲེལ་ནས་མ་བསྒྲུབ་མྱུར་མོ་རུ་འཚོལ་སྡུད། །

           མོས་བློ་མཚོ་བཞིན་བྱེད་དེ་རང་རིགས་ལ་འདྲེན་འོས། །

       

           རང་གིས་བསམ་ཚོད་དྲན་པའི་སྙིང་ཁོང་ནས་འབུལ་བ། །

           རང་ཆེའི་རྣམ་རྟོག་མ་ཡིན་ལྷག་བསམ་གྱི་རྔ་བོ། །

           རང་རིགས་བརྩེ་བའི་ལོ་རྒྱུས་ཕུན་ཚོགས་སུ་གཏོང་ཕྱིར། །

           རང་གཞན་ཀུན་ལ་གཞེན་སྐུལ་ཆད་མེད་དུ་བརྡུང་འོས། །


  • ལེ་ཚན་སྔོན་མ།:གྲོགས་པོ།
  • ལེ་ཚན་རྗེས་མ།:གྲོགས་པོ།