གཏོར་མའི་སྐོར།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ལས་དྲངས།    2018-03-19

གཏོར་མའི་སྐོར།

    གཏོར་མའི་རྒྱུ་ཆ་ལ། སྣོད་དང་། རྒྱུ་དང་། ཆེ་ཆུང་གི་ཚད་དང་། བཤམས་པའི་ཐབས་དང་བཞི་ལས། དང་པོ་གཏོར་མའི་སྣོད་ནི། ཐོད་ཕོར། ལྕགས་ཕོར། ལྕགས་གཟེར་ཅན། ཁ་ཆག  ཞབས་རྡོལ། ཆུང་ཞིང་མ་དག་པ་རྣམས་མི་རུང་སྟེ། ཐོད་ཕོར་ལ་ནི་ཡི་དྭགས་ཕྲ་མོ་རྣམས་སྐྲག་ཅིང་གཙང་སྦྲ་ཅན་རྣམས་འཁོར་དུ་མི་འདོད། ལྕགས་ནི་དྲག་པོའི་རྫས་མཚོན་ཆའི་རྒྱུ་ཡིན་པས་གོ་མཚོན་སོགས་སུ་མཐོང་ནས་ཡི་དྭགས་རྣམས་སྐྲག་པར་འགྱུར་ལ། ཁ་ཆག་ཞབས་རྡོལ་ནི་མི་ཤིས་པའི་སྣོད་ཡིན་པས་བྱིན་རླབས་མི་ཆགས། སྣོད་ཆུང་བས་ཡི་དྭགས་སོགས་ཀྱི་མིག་མི་ཁེངས། སྣོད་མ་དག་པས་གཙང་སྦྲ་ཅན་ལ་དུག་ཏུ་འགྱུར་རོ། དེས་ན་སློབ་དཔོན་པདྨས་ཕྱིའི་གཏོར་མའི་སྣོད་རིན་པོ་ཆེ་ལྔ་ཞེས་གསུངས་པས། གསེར་སོགས་ལས་བྱས་པའམ་མ་འབྱོར་ན་ཟངས་དང་རྫ་ལ་སོགས་པ་ལ་བྱའོ།། དེའང་ཆེ་བ་ལ་ཚད་ངེས་པ་མེད་ལ་ཆུང་བ་ལ་ཆུ་ཕུར་གང་ལས་མི་ཞན་པ་ཤོང་པ་དགོས་སོ། །ལྕེ་སྒོམ་པའི་ཞལ་ནས་སྣོད་རིན་པོ་ཆེ་ལས་བྱས་ན་བྱིན་རླབས་མི་དགོས་པར་གསུངས། རིན་པོ་ཆེ་ལྔ་གང་ཞེ་ན། བདེ་མཆོག་གི་རྒྱུད་ཕྱི་མ་ལས། རྒྱལ་པོ་ལྟ་བུའི་འབྱོར་བ་རབ་ཀྱི་རིན་པོ་ཆེ་ལྔ་ནི། གསེར་དངུལ་མན་ཤེལ་སྤུག་མུ་མེན་ནོ། བློན་པོ་ལྟ་བུ་འབྱོར་པ་འབྲིང་གི་རིན་པོ་ཆེ་ལྔ་ནི། ཟངས་ལྕགས་ར་གན་འཁར་བ་ཞ་ཉེའོ། ཞེས་གསུངས་པ་ལས་འདིར་ནི་དང་པོ་ལྔའོ། །ཁ་ཅིག་གཏོར་མའི་སྣོད་ལ་དུང་ཕོར་སོགས་རུང་ལ་ར་ཕོར་བསེ་ཕོར་སོགས་མི་རུང་སྟེ། སྲོག་ཆགས་ལས་གྱུར་པས་སོ། །ཞེས་གསུངས་ནའང་རྒྱུ་མཚན་མི་མཚུངས་སམ་སྙམ་མོ།།

    གཉིས་པ་གཏོར་མའི་རྒྱུ་ནི། ཤ་ཆང་ལ་ཕུག་སྒོག་ཙོང་སོགས་མི་རུང་སྟེ། དེ་དག་གི་དྲི་ཚོར་བ་ཙམ་གྱིས་མགྲོན་གཙང་སྦྲ་ཅན་རྣམས་འབྲོས་པར་འགྱུར་རོ། །དེས་ན་དཀར་གསུམ་མངར་གསུམ། འབྲུའི་དངོས་པོ་ཕྱེ་ཟན། རིན་པོ་ཆེ། མེ་ཏོག་སྣ་ཚོགས། ཆུ་གཙང་མ་རྣམས་སོ། །དཀར་གསུམ་ནི། འོ་མ་ཞོ་དང་མར་རོ། །མངར་གསུམ་ནི། བུ་རམ་ཀ་ར་སྦྲང་རྩིའོ།།

གཏོར་མའི་སྐོར།

      གསུམ་པ་ཆེ་ཆུང་གི་ཚད་ནི། རང་གི་ནུས་པས་བློས་འཁྱུད་ཙམ་བྱ་སྟེ། བཟའ་བ་ནི་རི་རབ་ཙམ། བཏུང་བ་ནི་རྒྱ་མཚོ་ཙམ་སྤྲུལ་ལོ། །འབྱོར་བ་ཆུང་ན་འབྲས་རྡོག་མ་བདུན་དང་ཟན་ཁམ་གཅིག་དང་ཆུ་ཕུར་གང་ཙམ་ཡང་གཏོང་བར་གསུངས་སོ། །ལྕེ་སྒོམ་གྱི་ཞལ་ནས། འབྱོར་བ་མེད་ན་ནས་འབྲུ་རེ་ལའང་བཏང་བཏུབ་གསུངས། སྣོད་དུ་ཆུ་མེད་པར་སྐམ་གཏོར་བྱར་མི་རུང་སྟེ།     སངས་རྒྱས་ཀྱིས་སྣོད་གཙང་མ་ཆུ་དང་བཅས་པ་ཞེས་གསུངས་པས་སོ། །གཏོར་ཟན་སླ་མོ་མི་རུང་ཞིང་རང་ཟ་ཉན་པ་ཙམ་བྱ།   གཏོར་མ་འཐེབ་ཀྱུ་མི་བྱ་སྟེ། ཇོ་བོའི་ཞལ་ནས། བོད་ལ་ཕྱུག་པོ་མི་ཡོང་གཏོར་མ་ཟན་སླ་མོ་དང་གཏོར་མ་མཐེབ་ཀྱུ་བྱེད་པར་འདུག་གསུངས་སྐད། གཏོར་ཟན་ལ་དྲི་མས་མ་གོས་པ་བྱ་སྟེ། གཏོར་མ་དྲི་མ་ཅན་ལ་ཆོས་སྐྱོང་མི་འཁོར་རང་ལ་འགོ་བའི་ནད་ལྡང་། ཏིང་ངེ་འཛིན་མི་གསལ་བས་སོ། །

   བཞི་པ་ལ། བརྒྱ་རྩ་སོགས་ཀྱི་ལག་ལེན་དང་བཤམས་ཚུལ་ལོ། །དང་པོ་ནི། འཕགས་ཡུལ་ནས་བསྒྱུར་པའི་བཀའ་དང་བསྟན་བཅོས་རྣམས་སུ་གཏོར་མ་ཆ་གསུམ་དང་ཆ་བཞི་ལ་སོགས་པ་ཙམ་མ་གཏོགས་བརྒྱ་རྩ་སོགས་ཀྱི་ལག་ལེན་གསལ་བར་གསུངས་པ་མི་སྣང་ཡང་། གངས་ཅན་དུ་བྱོན་པའི་མཁས་གྲུབ་སྔ་མ་རྣམས་ཀྱི་ཕྱག་ལེན་ཡིན་པས་ཡིད་ཆེས་པའི་གནས་སོ། །འདི་ལ་ལུགས་མི་འདྲ་བ་མང་ཡང་རང་ལུགས་ནི། ཟན་སུམ་ཚན་གསུམ་དང་ཉིས་ཚན་གཉིས་སུ་བགོས་ལ་དེ་རེ་རེ་ལའང་བཅུ་བཅུར་བྱས་ནས། སྣོད་ལྔར་གཉིས་གཉིས་ཆུ་དང་བཅས་ཏེ་མགྲོན་བཅུ་གཅིག་ལ་རིམ་པ་བཞིན་དུ་ཕུལ་བས། བརྒྱ་རྩ་ལྷག་གཏོར་དང་བཅས་པ་འགྲོའོ། །

   ཡང་ན་ཟན་སུམ་ཚན་སུམ་དང་ཉིས་ཚན་གཉིས་སུ་བགོས་ལ། ཆ་གཅིག་ལ་ལྷ་བཤོས་བྱ། ཆ་གཅིག་བཅུར་བགོས་ཏེ། ཐོག་མར་གཞི་བདག་ལ་ཕུལ་ནས་འཕྲིན་ལས་བཅོལ། ལྷག་མ་བཅུ་གཅིག་སྔར་ལྟར་བྱ། དེས་སྟོང་རྩ་སོགས་ལའང་ཤེས་པར་བྱའོ།། དེ་དག་རྣམས་ལ་ཟན་གྲངས་དང་མཉམ་པའི་སྐྱབས་འགྲོ་སེམས་བསྐྱེད་གཟུངས་སྔགས་དགོས་སོ།།

གཏོར་མའི་སྐོར།

     དེ་ལྟར་བྱས་ན་གཏོར་མ་འབུམ་རྒྱས་པ་གཅིག་ལ་སྐྱབས་འགྲོ་སོགས་འབུམ་ཕྲག་རེ་འགྲོ་དགོས་པས་བསྒྲུབ་དཀའ་བའི་ཕྱིར། ལྕེ་སྒོམ་པའི་ཞལ་ནས། གང་ཟག་ཐ་མལ་བས་ཉི་མ་རེ་ལ་གཏོར་མ་སྟོང་རྫོགས་ན་རྩེ་ཕུལ་དུ་ཡོང་། ཞེས་གསུངས། དེས་ན་དེང་སང་གི་ལག་ལེན་བྱེད་པ་རྣམས་མོས་པ་ཡིད་བྱེད་དང་བསྟུན་ནས། འབྲིང་དང་བསྡུས་པ་སོགས་སུ་ཁས་ལེན་ན་ལེགས་སམ་སྙམ་མོ།།

     གཉིས་པ་ནི། སྟེགས་དང་བཅས་པ་ལ་སྣོད་དང་རྒྱུ་གཙང་མ་དང་། ཆུ་ཁེངས་པ་དང་མཐོང་བ་དང་། བརྡ་སྦྱར་བ་དང་།   མི་བསྒུལ་བར་གཏོང་དགོས་ཏེ། སྟེགས་མེད་ན་བསྔོས་པས་ཚིམས་པ་མ་གཏོགས་ཡི་དྭགས་གཞན་གྱིས་མི་འཐོབ། སྣོད་མེད་ན་བརྙས་པར་འགྲོ། གཙང་སར་མ་བཏང་ན་གཙང་སྦྲ་ཅན་ལ་དུག་ཏུ་འགྱུར། ཆུ་མེད་ན་སྐམ་ས་ལ་ས་བོན་བཏབ་པ་དང་འདྲ། མ་ཁེངས་ན་མི་ལྟོགས་སླ་ཅན་ལ་ཟས་མི་འགྲངས་པ་སྦྱིན་པ་དང་འདྲ། མ་མཐོང་བར་སྦྱིན་ན་འབེན་མ་མཐོང་བར་མདའ་རྡེག་པ་དང་འདྲ།    བརྡ་མ་སྦྱར་བ་སྦྱིན་ན་ལ་ལས་ཐོབ། ལ་ལའི་སྐལ་བ་ཆད། ཆུས་སྦྱངས་ནས་བསྒུལ་ན་བར་ཆད་འོང་ཞིང་ཉེས་པ་ཆེ་བས་སོ། །རྩར་སྣོད་སྟོང་མི་འཇོག་སྟེ། དེའང་རེ་བས་སོ། །ཁ་ཅིག འབོ་ཞིང་ལུད་ཅིང་གཏོར་དགོས་ཏེ། དེ་ལའང་རེ་བ་ཡོད་པས་ཆུ་ཟོས་མིན་གསུངས། སློབ་དཔོན་པདྨས། གཏོར་མའི་སྤྱོད་ལམ་ནི་བོ་བ་དང་ཟགས་པ་སོགས་མེད་པས་སོ། །ཞེས་གསུངས་པ་ནི་ནང་གཏོར་གྱི་དབང་དུ་མཛད་ལ། འདིར་ཕྱི་གཏོར་གྱི་རྗེས་སུ་འབྲངས་པས་དེ་གཉིས་མི་འགལ་བར་ཤེས་པར་བྱའོ། །བཤམས་ནས་སྟོང་ཧ་རེ་མི་འཇོག་པ་ཡིན་གསུངས། ལྕེ་སྒོམ་པའི་ཞལ་ནས། དང་པོ་བཤམས་ཙ་ན་ཡ་ཡོ་མེད་པ་དང་། གཅིག་ལ་གཅིག་མ་རེག་པར་བཤམ་པར་བྱའོ། །ཡོན་པོར་བཤམས་ན་ཡི་དྭགས་བློ་མི་བདེ་བས། སྒྲུབ་པ་པོ་ཡང་བློ་སྐྱོག་པ་འོང་བ་ཡིན་གསུངས།    

གཏོར་མའི་སྐོར།

   གཏོར་མའི་བཅའ་ཐབས་དང་དཀར་རྒྱན་སོགས་དཀར་རྒྱན་གྱི་ལག་ཤེས་ལས་སོང་ལ། འདིར་གཏོར་མའི་ལག་ལེན་མཁོ་བའི་ཤེས་བྱ་ཙམ་བཀོད་པ་སྟེ། གཏོར་མ་བྱིན་རླབས་དང་ཕན་ཡོན་སོགས་ཀྱི་ཤེས་བྱ་གཞན་དུ་བལྟ་བར་བྱའོ། །ཞེས་པ་འདི་ནི་བིས་མདོ་རྡོ་རྗེ་རིན་ཆེན་གྱིས་བྲིས་པ་ལྟར་བཀོད་དོ། །


  • ལེ་ཚན་སྔོན་མ།:བསང་གིས་སྤྱི་ཚོགས་ལ་ཐོན་པའི་ནུས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།