ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་སྐབས་དཀར་མཛེས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་དགོས།

ཨ་མགོན་གྱིས་བསྒྱུར།        2018-03-19

      རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་སྐབས་སུ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་གྱུར་འཆར་འགོད་བྱས་ཏེ་དམ་འཛིན་ཡག་པོ་བྱས་མཐར། སི་ཁྲོན་བོད་ཁུལ་ལ་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་པ་རེད།

      ཞའོ་ཡིའུ་ཚའེ་ཡིས་གསུངས་དོན། རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ནི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཐད་མཚོན་ཞིང་། བསམ་བློའི་འདུ་ཤེས་འགྱུར་ལྡོག་བྱུང་བ་ནི་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། 2013ལོ་ནས་བཟུང་བོད་ཁུལ་དུ་དམངས་འཚོ་ལས་གྲྭ་དྲུག་གི་འཆར་གཞི་ལག་ལེན་བྱས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར235.4གཏོང་འཇོག་བྱས་ཏེ་མང་ཚོགས་ཀྱི་སྡོད་ཁང་དང་སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། རིག་གནས། དབུལ་ཐར་སོགས་དམངས་འཚོའི་ཞན་ཆ་ལ་གསབ་སྣོན་བྱས་ཏེ་རྒྱུན་ཆད་མེད་པར་བོད་ཁུལ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་ཕྱིན་པ་རེད།

      ཞའོ་ཡིའུ་ཚའེ་ཡིས་གསུངས་དོན། རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ནི་ད་དུང་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཀའི་ཐད་མཚོན་པ་རེད། ལོ་ལྔའི་རིང་ལ་དཀར་མཛེས་ཁུལ་གྱི་དབུལ་ཕོངས་མི་འབོར་ཁྲི22.03ནས་མི་འབོར་ཁྲི8.19ཡི་ཐོག་མར་ཆག་ཡོད་ཅིང་། དབུལ་ཕོངས་བྱུང་ཚད་བརྒྱ་ཆ23.4ནས་བརྒྱ་ཆ8.65ཡི་ཐོག་མར་ཆག་པ་རེད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་སྤྱི་ལེ3820གསར་སྐྲུན་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་ཁྲི3.82ལ་ཟིན་པ་དང་ཆབས་ཅིག གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་རྫོང་ཁོངས་བར་དུ་ལས་ཚར་ཏེ་དཀར་མཛེས་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།

      ཞའོ་ཡིའུ་ཚའེ་ཡིས་གསུངས་དོན། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་དངོས་སུ་ཉམས་སུ་མྱོང་བར་བརྟེན། ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་གཏོང་བའི་དྲང་བདེན་གྱི་ནུས་པ་གོང་བུར་གཅིག་ཏུ་བསྒྲིམས་ནས་ཏང་ལ་དྲིན་གཟོ་དང་མེས་རྒྱལ་ལ་དགའ་ཞེན། ཁྲིམས་སྐྱོང་བརྩི་སྲུང་། འབྱོར་འབྲིང་དུ་བསྐྱོད་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཆེས་ཐུན་མོང་གི་ངོས་འཛིན་དུ་འགྱུར་བཞིན་ཡོད་པ་རེད། ཁོང་གིས་གསུངས་དོན། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་ཡག་པོ་བྱེད་ཆེད། ང་ཚོས་སེམས་ཐག་གཙང་བཅད་ཀྱིས་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་ཞིང་། ཐུན་མོང་དུ་སྲུང་སྐྱོང་ཆེན་པོ་དམ་འཛིན་བྱས་པ་ལས་གསར་སྦོལ་ཆེན་པོ་མི་བྱ་རྒྱུའི་གལ་ཆེ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་མཐར། སྔ་ཡོད་མ་མྱོང་བའི་ཆོད་སེམས་དང་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དུ་ལེགས་བཅོས་དང་རྩ་བའི་ཐོག་ནས་ལེགས་བཅོས་བྱ་རྒྱུ་ཡིན།

      བདེ་སྐྱིད་ནི་འབད་འཐབ་བྱས་ནས་བྱུང་བ་རེད། ཕྱིན་ཆད་དཀར་མཛེས་ཁུལ་གྱི་འབད་བརྩོན་བྱེད་ཕྱོགས་གང་དུ་ཡོད་རེད་ཅེ་ན། ཞའོ་ཡིའུ་ཚའེ་ཡིས་བསམ་ན། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་ལེགས་བཅོས་བྱས་ཏེ་བོད་ཁུལ་འཆམ་མཐུན་བརྟན་བརླིང་ངང་འཕེལ་རྒྱས་གཏོང་ན་གལ་ཆེན་ལ་མིག་རྒྱང་རིང་བའི་འཐབ་ཇུས་ཀྱི་དོན་སྙིང་ཡོད་པར་བརྟེན། ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ས་གནས་རང་ཉིད་ཀྱི་དོན་དངོས་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་བཏང་ཏེ་ཁྱོན་ཡོངས་ནས་འཆམ་མཐུན་བརྟན་བརླིང་ལ་སྐུལ་སྤེལ་བྱས་མཐར། བོད་ཁུལ་གྱི་དོན་དངོས་དང་མཐུན་ཞིང་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཡོད་པའི་ཐབས་ལམ་གསར་པ་བཟོ་གང་ཐུབ་བྱ་དགོས་པ་དེ་རེད།།


  • ལེ་ཚན་སྔོན་མ།:སྒྲོལ་དཀའ་བའི་འགག་ཆེན་ལས་བསྒྲལ།ཐར་དཀའ་བའི་དབུལ་ཕོངས་ལས་ཐར།
  • ལེ་ཚན་རྗེས་མ།:ད་ལོར་དཀར་མཛེས་ཁུལ་གྱིས་ཕྱོགས་དྲུག་ཐད་ལ་ཤུགས་བསྒྲིམས་ནས་ཧ་ཅང་དབུལ་ཕོངས་ཀྱི་རྣམ་པ་འགག་སྒྲོལ་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།