དཔྱིད་ཀྱི་རང་མདངས།

ཉི་ཚེ།        2018-03-19

          ནོར་འཛིན་བུ་མོས་གོས་ལྗང་ལུས་སུ་མནབས།།

          གཙང་ཆུབ་བསིལ་མས་སྙན་པའི་མགུར་དབྱངས་འཐེན།།

          འདབ་ཆགས་བྱ་ཡིས་ལྗོན་པའི་ཡལ་ག་བསླས།།

          རང་བྱུང་སྐྱེད་མོའི་ཚལ་ལ་ལྟད་མོ་ཡག།


          ཕྱུགས་རྫིའི་གདོང་གི་རེ་བའི་ཁ་དོག་དང་།།

          སྦྲ་ནག་ཐང་ལ་བྲན་པའི་ཚུལ་འདི་མཛེས།།

          ནོར་ལུག་སྤང་ལ་བཀྲམ་པའི་ཉམས་རེ་སྐྱིད།།

          འབྲོག་ཁྱིམ་སྦྲ་ནག་ཅན་ཚང་ནོར་གྱིས་ཕྱུག།


          འབྲི་མོའི་ངུར་དབྱངས་ལྷས་རའི་སྤང་ནས་གྱེར།།

          བེའུའི་སྣང་བ་ཚིག་གི་མེ་ཏོག་ཡིན།།

          འབྲི་མོ་རྡང་ལ་འདོགས་པའི་གཞོན་ནུ་མ།།

          དཀར་གསུམ་མཆོད་ཁ་ལེན་པའི་དུས་ལ་བྲེལ།།


          བར་སྣང་འཇའ་འོད་འཐེན་པའི་བང་རིམ་ན།།

          སྤྲིན་གྱི་མེ་ཏོག་འཐོར་བའི་སྐལ་བ་ལ།།

          རྩྭ་དང་རྩི་ཤིང་སྐྱེ་ཡག་འཁྲུངས་ཡག་ཡིན།།

          དཔྱིད་ཀྱི་དུས་འདི་འདོད་འཇོའི་བ་མོ་བཞིན།།


  • ལེ་ཚན་སྔོན་མ།:ཚོད་ཚོད་ལ་ང་རང་རྒས་སོང་།
  • ལེ་ཚན་རྗེས་མ།:གྲོགས་པོ།