དཔོན་ཚང་རྡོ་རྗེ་ཚེ་བརྟན། 2018-03-14
༡
ཟླ་བ་རོལ་དབྱངས་དང་བསྡེབས་ནས་ཡར་འཕགས་བྱུང་།
ངའི་ངོ་གདོང་སྔར་ནས་མེ་ལོང་ལ་ཕྱོགས་འདུག
གཉེར་རིས་ཤར་ཤུར། སྨྲ་ར་ཐར་ཐོར།
ད་དུང་། གཞོན་མདངས་ཉམས་ཟིན་པའི་མིག་ཟུང་།
༢
སྐྱོ་གདུང་གི་སེམས་འགྱུ་གླན་ས་སྙན་ཚིག་གཅིག་པུ་ལས་མེད་ཀྱང་།
སྐྲ་ལོ་དང་ལང་ཚོའི་འབག་པ་བསལ་ས་གཙང་བོ་ཁོ་ན་མིན་པ་འདྲ།
ཕོ་ལོ་ཉེར་གཅིག་གི་སྒལ་ཚིགས་སྟེང་འབྱོར་བའི་ད་ལོ།
ངའི་ངོ་གདོང་དུ་སྡུག་གི་སྨྲ་ར་རིང་བོ་ཞིག་སྐྱེ་ཡིན་འདུག
༣
བཙན་འཛུལ་ལ་གོམས་པའི་ཡོལ་རྒྱབ་ཀྱི་ངོ་གདོང་དེ་ཚོའི་རྐྱེན་པས།
རེ་ཞིག་ངའི་རྨི་ལམ་དང་སྙན་ཚིག་དག་ལའང་།
ཚི་དྲེག་འབྱར་གྱིན་འདུག རྒས་གཉེར་འབབ་ཀྱིན་འདུག
༤
སྒེར་གཅོད་དང་བཙན་དབང་གི་ཁ་རླངས་མཐུག་ས་ནས།
བདེན་ལུགས་ཀྱི་རལ་གྲི་མཁའ་རུ་ཕྱར་ཕོད་མཁན་ག་ཙམ་ཡོད།
འཁོར་བའི་གར་སྟེགས་སྟེང་རང་ཉིད་ཕམ་འདོད་མཁན་གཅིག་ཀྱང་ཡོད་མི་སྲིད།
༥
སྐྱ་མདོག་ཏུ་འགྱུར་གྱིན་པའི་ཁོར་ཡུག་འདིའི་ངོ་གདོང་དུ།
རང་ངོ་རང་གིས་མི་ཟིན་པའི་ཚོ་ཁག་དེ་ཁོ་ནའང་མ་ཡིན་པར།
ངའི་ཕྱི་ནང་ལ་སྔོག་བཤེར་བྱེད་མཁན་མང་ཙམ་འདུག
ངའི་མི་གཞི་ལ་ནག་རྩི་བྱུགས་མཁན་ཡང་ཉུང་ཉུང་མ་རེད།
༦
ཝེ། རྒྱུ་འབྲས་ཀྱི་ལྭ་བ་རལ་ཟིན་པའི་མི།
ཁྱོད་ལ་ངའི་ས་ནས་ཅིས་ཀྱང་ལག་ཡོང་ཞིག་མཁོ་ཟེར་ན།
ཀ་ཁའི་ཚེགས་བྱས་པའི་སྙན་ཚིག་ཧྲིལ་བོ་ཞིག་དང་།
ན་ཟུག་གིས་མཇུག་བསྡུས་པའི་ཁྲག་ཡིག་དུམ་ཚན་ཞིག་ཡོད་པ།
གཏན་དུ་ཁྱོད་ཀྱིས་འཁྱེར་ཆོག་ཆོག་གི་ལག་ཡོང་ཡིན།
༧
མཚན་མོའི་རུམ་ཁ་ན་རྨི་ལམ་ལ་འཇུག་པར་སྐྲག་སྣང་སྐྱེ་མཁན་མང་པོ་རེད།
རྨོངས་གཉིད་ལས་ཧར་གྱིས་སད་པར་ཞེད་སྣང་སྐྱེ་མཁན་ཡང་ཉུང་ཉུང་མ་རེད།
བལྟས་ཚོད་ཀྱིས། ཁོར་ཡུག་འདིར་ང་ཁོ་ན།
ཞེད་སྣང་དང་སྐྲག་སྣང་གི་ཐ་སྙད་དག་ཆང་ཕོར་ལ་བཏབ་ནས།
སྤྲོ་སྐྱིད་ནང་མ་ཁང་གང་ཞིག་ནས་དུར་སྦས་བྱེད་མཁན་ཡིན་པ་འདྲ།
༨
མི་ཁ་དང་གཉའ་གནོན་གྱི་ནུབ་རླུང་དྲག་ཏུ་ལྡང་ཡང་།
ཤེས་རབ་ཀྱི་ཐ་སྙད་ཡོད་ཚད་གཏན་དུ་བདག་ལ་དབང་བས།
ཕམ་ཁ་དང་རེ་ཆད་མཐའ་དག་ནམ་ཡང་འཛུམ་གྱིས་བསུས་ཆོག །
རྩོམ་གསར། 10