ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་།

        2018-03-13

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲང་ངར་ལ་མི་འཛེམས་ནས་རྟའུ་རྫོང་དུ་ཕེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་མཛད་པ་དང་། དམངས་འཚོ་དང་བརྟན་བརླིང་སོགས་ཀྱི་ལས་ཀ་སོ་སོར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བའི་དུས་མཚུངས་སུ། ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ལ་ཕེབས་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་ཟབ་མོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་གྱིས་བློ་རིག་ལ་དྲག་ཆས་སྤྲས་ནས་ལག་ལེན་ལ་ཁྲིད་སྟོན། ལས་ཀར་སྐུལ་འདེད་བཏང་ནས་དབུལ་ཐར་འགག་སྒྲོལ་དང་ཡུན་རིང་བདེ་འགོད་ཀྱི་ལས་ཀ་སོ་སོ་དམ་འཛིན་ཡག་པོ་བྱེད་གང་ཐུབ་བྱ་དགོས། ཁོང་གིས་གསུངས་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་གོ་བ་ཟབ་མོ་བླངས་པར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་མི་རིགས་སོ་སོའི་མང་ཚོགས་ལ་གནང་བའི་ཐུགས་ཁུར་དེ་ལས་ཀར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་བྱ་སྤྱོད་དངོས་ལ་བསྒྱུར་ནས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་ཏང་ལ་དྲིན་གཟོ་དང་མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་བརྩི་སྲུང་། འབྱོར་འབྲིང་དུ་བསྐྱོད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།

ལིའུ་ཁྲེང་མིང་སྔོན་རྗེས་སུ། རྟའུ་རྫོང་གི་འབྲོག་སྡེ་རྐྱང་པ་གཡུ་ངེས་ཤང་དང་དབུས་ཐང་ཤང་། ཆུ་དམར་ཤང་། རྒྱ་གྲོང་ཤང་དང་། ཞིང་མ་འབྲོག་ཁུལ་གཤིས་ཆུ་གྲོང་རྡལ་ལུ་ཐོན་གྲོང་སྡེ་བཅས་སུ་ཕེབས་ནས་གྲོང་དམངས་ཀུན་དབང་དང་འཇིགས་མེད་འོད་ཟེར། དབང་གྲགས། ཚེ་རིང་རྡོ་རྗེ་སོགས་དབུལ་ཕོངས་དུད་ཚང་གི་ཁྱིམ་དུ་འཚམས་འདྲི་གནང་བ་རེད། ཁོང་གིས་ཐུགས་རེ་གནང་དོན། རྟའུ་རྫོང་གི་རིམ་པ་སོ་སོ་དང་ལས་ཁུངས་སོ་སོས་ཞིང་སྡེ་ས་ཁུལ་དང་འབྲོག་སྡེ་ས་ཁུལ། ཞིང་མ་འབྲོག་གི་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས། ལས་ཞུགས་འབབ་འཕར། ཡུལ་སྲོལ་དཔལ་ཡོན་སོགས་ཀྱི་ཐད་སེམས་ཤུགས་བསྒྲིམ་དགོས། གཅིག་ནི་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཇེ་མགྱོགས་སུ་སྐྲུན་འགོ་བཙུགས་ནས་དབུལ་ཕོངས་ས་ཁུལ་ཕྱི་གནས་ཆ་རྐྱེན་འགན་སྲུང་ཡོད་པ་བྱ་དགོས། གཉིས་ནི་གནས་བབ་དང་བསྟུན་ནས་ཁྱད་ཆོས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་ལས་འཚམ་སར་ཞིང་ལས་དང་འབྲོག་ལས་འཚམ་སར་འབྲོག་ལས་གཉེར་སྐྱོང་བྱ་དགོས། གསུམ་ནི་སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་བས་མང་པོ་གསར་སྦོལ་བྱས་ཏེ་དམིགས་སུ་བཀར་ནས་དབུལ་ཕོངས་མང་ཚོགས་བཀོད་སྒྲིག་བྱ་དགོས། བཞི་ནི་སློབ་ལོར་སོན་པའི་བྱིས་པ་ཚང་མ་སློབ་གྲྭར་འཇུག་ཐུབ་རྒྱུ་འགན་སྲུང་བྱས་པ་དང་ཆབས་ཅིག རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་སྡོད་ཁང་ཡག་པོའི་ནང་སྡོད་ཐུབ་པ། འཚོ་བ་སྐྱིད་པོ་རོལ་ཐུབ་པ། གོམས་གཤིས་ཡག་པོ་ཆགས་བཅུག་ནས་ཡུལ་སྲོལ་ཡག་པོ་ཆགས་པ་བྱ་དགོས། ལྔ་ནི་དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེ་སྒུལ་ཤུགས་ངར་སློང་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱ་དགོས། དྲུག་ནི་སྔར་ལྷག་གིས་རྫོང་དང་ཤང་། གྲོང་སྡེ་བཅས་རིམ་པ་སོ་སོའི་ལས་བྱེད་པས་དབུལ་ཐར་འགག་སྒྲོལ་ནང་གི་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱ་དགོས།


  • ལེ་ཚན་སྔོན་མ།:ད་ལོར་རང་ཁུལ་གྱིས་བྱེད་ཐབས་བཞིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སྐས་རིམ་གསར་པར་བསླེབ་པར་སྐུལ་འདེད་གཏང་རྒྱུ།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱིས་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།