བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད།

        2018-03-12

   

བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད།

   དེ་ཡང་རྒྱལ་པོ་འདིའི་མཚན་ལ་བྲག་སྟེང་དང་པྲ་སྟི་སོགས་བྲིས་པ་སྣང་ལ།བྲག་སྟེང་རྒྱལ་པོའི་གདུང་རབས་ཀྱི་སྐོར་ནི་རྒྱལ་རོང་ཡུལ་སྐད་ཀྱི་ཐོག་ནས་བྲིས་པའི་བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རབས་ཞིག་ལས།གཡུང་དྲུང་བོན་གྱི་བསྟན་སྦྱིན་བྲག་སྟེང་དགུང་ཚ་རྒྱལ་པོའི་ལོ་རྒྱུས་རགས་བསྡུས་སུ་བཀོད་པ་ལ།སྤྱིར་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་ནི།འཇིག་རྟེན་བསྐལ་པ་ལས་ཀྱང་སྲིད་པ་སྔ།སྲིད་པ་འཁོར་བ་ལས་ཀྱང་འབྱུང་བ་སྔ།ཞེས་པ་ལྟར།བོན་སྲིད་པ་སྟོང་པ་མུ་མཐའ་དང་བྲལ་བའི་ནམ་མཁའི་དབྱིངས་ཀྱི་སྟོང་པའི་རང་མདངས་ཡེ་ཤེས་ཀྱི་འོད་ལྔ་ཤར་བས།སྟོང་པའི་ངང་ལས་ཡི་གེ་དཔའ་བོ་འབྲུ་ལྔ་ཨཾ༔ཡཾ༔རཾ༔མཾ༔ཁཾ༔བྱུང་སྟེ།དེ་ལས་ས་ཡི་དཀྱིལ་འཁོར་ཆགས།དེའི་སྟེང་དུ་སྤྲིན་གསེར་གྱི་སྙིང་པོ་ཅན་འཁྲིགས་པ་དང་།ཆར་རྒྱུན་ཡུན་རིང་དུ་འབབ་པ་ལས།བ་ཚྭ་ཅན་གྱི་རྒྱ་མཚོ་ཆགས།ཆུ་གསེར་འདྲེས་པའི་དྭངས་མ་ལས་རི་རྒྱལ་ལྷུན་པོ་དང་གླིང་བཞི་གླིང་ཕྲན་དང་།གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན།ལྷོ་རྒྱལ་འཛམ་བུ་གླིང་དང་བཅས་པ་ཆགས་སོ།། 

བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད། 

     ནང་བཅུད་ཀྱི་སེམས་ཅན་གྱི་གྲོལ་ཕུགས་ནི།ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས།ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས།ཞེས་པ་ལྟར།དང་ཐོག་སྲིད་པ་སངས་པོ་འབུམ་ཁྲི་དང་།ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་འདུས་པ་ལས།སྲས་ཕོ་ཁྲི་དང་མོ་འབུམ་ལས།སྲས་ཕོ་དགུ་དང་མོ་དགུ་རྣམས་འཁྲུངས་ཏེ།གནམ་ལ་ལྷ་གར་རྟེན་གསུམ་དང་།བར་ལ་མི་སྨྲང་གཤེན་གསུམ་དང་།ས་ལ་འདྲེ་སྲིན་བྱུར་གསུམ་སོགས་དགུ་སྟེ་མཐོ་རིས་ཀྱི་བཅུད་དུ་ཆགས་སོ།།ཡང་འདྲེ་མུན་པ་ཟེར་ལྡན་དང་།སྟོང་ཁམས་ནག་མོ་གཉིས་འཚོགས་པས།འཁོར་བ་དུག་གི་བ་མོ་མགོ་གསུམ་སྲིད།དུག་གསུམ་གྱི་རླངས་པ་ལས་སྒོ་ང་གཅིག་སྲིད་དེ།དེ་བརྡོལ་བའི་ཤུན་ལྤགས་ལས་མཚོན་ཆ་དང་།གདར་ཤ་ལས་ལྷན་སྐྱེས་ཀྱི་བདུད།སྤྲིས་མ་ལས་ལྷན་སྐྱེས་ཀྱི་ལྷ།ཁ་གསུམ་ལ་དམྱལ་བ་ཡི་དྭགས་བྱོལ་སོང་ལ་སོགས་ངན་སོང་གསུམ་གྱི་བཅུད་དུ་ཆགས་སོ།། 

བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད།

   སྒོས་སུ་བོད་ཁམས་རོང་བཞི་ཤོད་བརྒྱད་ཀྱི་ཡ་གྱལ།ཤར་རྒྱལ་མོ་རྒྱ་ཆེ་བའི་རོང་ཁམས་སུ།གཡུང་དྲུང་བོན་གྱི་བསྟན་པའི་ཞབས་འདེགས་གཉེར་ཁ་བ་བྲག་སྟེང་དགུང་ཚ་རྒྱལ་པོའི་རྒྱལ་རབས་རིམ་བྱོན་མུ་ཏིག་གི་ཕྲེང་བ་ལྟ་བུར་བྱུང་བ་ལ།ཐོག་མར་བོན་སྐུ་ཀུན་ཏུ་བཟང་པོའི་ཐུགས་དགོངས་མི་གཡོ་ངང་ལ་གཡོ་བ་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་ཏེ་ནམ་མཁའ་ལ་ཁྱབ་པ་དང་།སྲིད་པ་ཡ་བ་སངས་པོ་དང་ཡུམ་ཆུ་འཛིན་ཆུ་ལྕམ་རྒྱལ་མོ་གཉིས་རྡོལ།འདི་གཉིས་གཅིག་དགོངས་གཅིག་ཤར་མཛད་པ་ལས་གསེར་གཡུ་དུང་སྒོང་རང་བྱུང་གསུམ་བརྡོལ་ཏེ།གསེར་སྒོང་ནང་དུ་ལྷ་ཆེན་སྣང་བ་འོད་ལྡན་བྱུང་།གཡུ་སྒོང་ནང་དུ་ཡེ་སྨོན་རྒྱལ་པོ་བྱུང་།སྲིད་པ་ཐམས་ཅད་ཡང་དེ་གཉིས་ལས་བྱུང་།དུང་སྒོང་ནང་དུ་དོམ་མགོ་གླང་སྙིང་བྱ་བ་བྱུང་བ་ཡིན།དེ་ནང་དཔའ་རྩལ་རྫུ་འཕྲུལ་དཔག་མེད་ལྡན་པའི་སྲིད་པ་ཡེ་སྨོན་རྒྱལ་པོ་དང་།ཡུམ་གསལ་བདག་རྒྱལ་མོ་གཉིས་ཉི་ཟླ་ཤར་བ་བཞིན་དུ་མ་པང་གཡུ་མཚོའི་འགྲམ་དུ་བབས།གཡུ་མཚོའི་འགྲམ་དུ་སྲིད་པས་སྨོན་ལམ་བཏབ་སྟེ།སྨོན་ལམ་བཏབ་པའི་འབྲས་བུ་སྲིད་པའི་སྒོང་ཆེན་དཀར་ནག་གསེར་གསུམ་འོད་ཀྱི་འཇའ་ཚོན་ཤར་འདྲ་སྲིད།སྒོང་གསུམ་ཐོག་མ་བརྡོལ་བ་ལས་སྟོད་ཡར་ལུང་རྒྱལ་པོ་བྱུང་ཞིང་དེ་ཉིད་ཀྱིས་སྟོད་ཀྱི་ཐ་གྲུ་ཀུན་གྱི་བདག་པོར་མཛད།སྒོང་བར་མ་བརྡོལ་བ་ལས་སྨད་རྒྱ་ནག་ཐོར་ཅོག་རྒྱལ་པོ་བྱུང་ཞིང་སྨད་རྒྱ་ནག་ཕྱོགས་ཀྱིས་བདག་པོར་མཛད།སྒོང་ཐ་མ་གསེར་སྒོང་བརྡོལ་བ་ལས་དགུང་ཚ་རྒྱལ་པོ་བྱུང་ཞིང་དེ་ཉིད་གསེར་གྱི་དགུང་ནས་འཁྲུངས་པས་ན་དགུང་ཚ་རྒྱལ་པོ་ཞེས་བཏགས་སོ།།

བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད།

      དེ་ལྟར་འོད་གསལ་ལྷའི་གདུང་རྒྱུད་ཞང་ཞུང་ཁ་ཡུག་མེ་ཏོག་མཛེས་པའི་གླིང་ནས་བྲག་སྟེང་བློན་འབངས་སྡེ་གསུམ་གྱི་ཐུན་མོང་མ་ཡིན་པའི་ལྷ་སྐལ་དུ་རྒྱལ་པོ་གཙོ་མཆོག་དགྲ་འདུལ་ལྷ་བྱ་ཤང་ཤང་ལ་བཞོན་ནས་འགྲོ་བ་སེམས་ཅན་གྱི་མགོན་སྐྱབས་མཛད་པར་གནས་འདིར་བྱོན་ནས།རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འཛིན་སྐྱོང་སྤེལ་གསུམ་མཛད་དེ།མ་རུང་བཙན་པོའི་གཉའ་གནོན་ཞིང་།ཉམ་ཆུང་འཁོར་འབངས་འདབས་ནས་སྐྱོང་བའི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཏེ།རྒྱལ་རབས་བཅུ་ཕྲག་གཉིས་ལྷག་པ་དར་དཀར་གྱི་ཉག་ཐག་ལ་མུ་ཏིག་ཕྲེང་བ་བརྒྱུད་པ་བཞིན་དུ་བྱུང་བ་ནི།ཡབ་རྒྱལ་ཆེན་མཁའ་ལ་རིང་པོའི་རྒྱལ་བུ་བཟང་པོ་དོན་འགྲུབ་དང་།ཡུམ་སྣང་མ་བསྐོས་ཀྱི་རྒྱལ་མོའི་སྲས་མོ་ཉི་འོད་སྒྲོན་མ་རྣམ་གཉིས་ཐབས་ཤེས་ཉི་ཟླ་ཟུང་འབྲེལ་སྒོ་ནས་ལྷ་སྲས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བྲག་སྟེང་དགུང་ཚ་རྒྱལ་པོ་དང་པོ་གཙོ་མཆོག་དགྲ་འདུལ་ཞེས་བྱ་བ་འཁྲུངས།དེ་དང་ཡུམ་སྐལ་པ་སྨན་དོག་དམར་པོའི་སྲས་སུ་རྒྱལ་པོ་གཉིས་པ་སྤྱན་མིག་བཟང་ཉིད་འཁྲུངས།དེ་ཉིད་ཀྱིས་ཤར་ཕྱོགས་དམུ་རྡོའི་ལྷོ་སྨད་ཁྱུང་སྨད་ཅེས་པའི་ས་ཆར་བསང་ཤུག་སྨན་ཤིང་གཅིག་བཙུགས་ནས།ཟླ་བ་གཅིག་ཙམ་ལས་མ་འགོར་བར་སྐྱེས་ཏེ་ཡལ་ག་སྟོང་དང་འདབ་མ་འབུམ་ཡོད་པ་རྒྱས་པར་གྱུར་ཞེས་སུ་གྲགས།ཡང་དེ་ཉིད་ཀྱིས་ཕོ་བྲང་རྒྱལ་མཁར་དགྲ་འདུལ་རྫོང་དང་།འཇིག་མེད་ཁྱུང་བཤམ་ཕོ་བྲང་དང་།བྲག་མགོ་རྣམ་རྒྱལ་རྫོང་བཅས་ཕོ་བྲང་གསུམ་ཕྱག་བཏབས་མཛད་དོ།།

བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད།

    དེ་ནས་རིམ་བཞིན་རྒྱལ་པོ་གསུམ་པ་ཀུན་དགའ་ནོར་བུ་དང་། དེའི་སྲས་སྟོབས་རྒྱལ།དེའི་སྲས་འབྲུག་རྗེ།དེའི་སྲས་རྒྱ་མཚོ་དཔལ།དེའི་སྲས་ཨ་དཔལ།དེའི་སྲས་སེང་གེ་རྒྱལ།དེའི་སྲས་ངི་ཚངས།དེའི་སྲས་ཚེ་དབང་སྐྱབས།དེའི་སྲས་རྒྱལ་པོ་ཆུད་པོ།དེའི་སྲས་རྒྱལ་པོ་ངུ་མཚོ།དེའི་སྲས་སངས་རྒྱས་འབུམ།དེའི་སྲས་རྒྱལ་པོ་ཆོས་འཕེལ།དེའི་སྲས་རྒྱལ་པོ་དབང་གྲགས།དེའི་སྲས་རྒྱལ་པོ་ཨ་གཏེར།དེའི་སྲས་རྒྱལ་པོ་ཀུན་དགའ་མགོ་ཅན།དེའི་སྲས་རྒྱལ་པོ་བཟང་པོ་དོན་འགྲུབ།དེའི་སྲས་རྒྱལ་པོ་སྟོབས་ལྡན་དབང་ཆེན།དེའི་སྲས་རྒྱལ་པོ་བསྟན་འཛིན་དབང་ཆེན།དེའི་སྲས་རྒྱལ་པོ་ཀུན་དགའ་དབང་ལྡན།དེའི་སྲས་ཉི་མ་དབང་ལྡན་བར་དུ་བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རྒྱུད་འགྱུར་བ་མེད་པ་ཕ་ཤུལ་བུ་འཛིན་རྒྱུན་མ་ཆད་པར་བྱུང་སྟེ།རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་དུ་རྒྱལ་པོ་ཆེ་བཞི་སྟེ།ཕུ་ཡི་འོད་འབར་ཁག་གཉིས།མདོ་ཡི་དགུང་ཚ་ཁག་གཉིས་ཞེས་ཟེར་སྲོལ་ཡང་མཆིས་སོ།།ཞེས་སོ།།

   བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་ནམ་མཁའ་ཚུལ་ཁྲིམས་གཉིས་ཀྱིས་བྲག་སྟེང་གཡུང་དྲུང་ཚེ་རིང་དང་ཨ་རྗེ་འབུམ་གཉིས་ཀྱིས་མཁོ་འདོན་བྱས་པའི་རྒྱལ་རོང་ཡུལ་སྐད་ཀྱི་ཐོག་ནས་བྲིས་པའི༼བྲག་སྟེང་དགུང་ཚ་རྒྱལ་པོའི་གདུང་རབས༽ཡིག་རྙིང་ཁག་གཉིས་ལས་བསྡུ་སྒྲིག་བྱས།


  • ལེ་ཚན་སྔོན་མ།:ངོ་མཚར་ཆེ་བའི་ཆབ་མདོའི་གནའ་བོའི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:དར་མདོ་ལྕགས་ལ་རྒྱལ་པོ།