བོད་པའི་བུ་མོ་སྙན་པའི་གླུ་ཡིས་བསྟོད།

གཅན་ལུང་བསོད་རྒྱམ།        2018-03-09

ལུས་ལ་ཙན་དན་དྲི་བསུང་ཐུལ་ནས་ཡོད། །

ཡིད་སེམས་ཆུ་ཕྲན་བཞིན་དུ་དྭངས་ནས་ཡོད། །

ངག་ནི་ཁུ་བྱུག་གདངས་ལ་འཁུ་ནས་ཡོད། །

མཛེས་སྡུག་འཇིག་རྟེན་རྒྱན་དུ་གྱུར་ནས་ཡོད། །

བོད་པའི་བུ་མོ་སྙན་པའི་གླུ་ཡིས་བསྟོད། །


དོན་གཉིས་གང་བསྒྲུབས་ཐུགས་དགོངས་སྤྲོ་ལྷང་ལྷང་། །

དགེ་བཅུ་གང་འབད་གདོང་ན་འཛུམ་དམུལ་དམུལ། །

ངན་དགུ་གང་འཕྲད་ཡིད་སེམས་འཇམ་ལྷོད་ལྷོད། །

ཕྱོགས་བཞི་གང་ཕྱིན་མིའི་སེམས་དྲོད་ལམ་ལམ། །

བོད་པའི་བུ་མོ་སྙན་པའི་གླུ་ཡིས་བསྟོད། །


འོ་མའི་མཆོད་ཡོན་བུ་མོའི་ཞལ་དུ་གསོལ། །

ཨུད་པལ་སྔོན་མོ་བུ་མོའི་གདོང་ན་འཛུམ། །

ཀུན་ལ་བྱམས་པ་བུ་མོའི་མཚན་དུ་འབོད། །

རབ་ཡངས་མ་ཞེས་ཀུན་གྱིས་གཙིགས་སུ་བཀུར། །

བོད་པའི་བུ་མོ་སྙན་པའི་གླུ་ཡིས་བསྟོད། །


  • ལེ་ཚན་སྔོན་མ།:གནམ་གྱི་ཕྱེད་ཀ་འདེགས་མཁན།
  • ལེ་ཚན་རྗེས་མ།:མཐོ་སྒང་སྐྱེས་མའི་རང་གཤིས་མ་དོར།