དམར་གཙང་བྲག

རྡོ་རྗེ་ཐར།        2011-03-30

དམར་གཙང་བྲག་ནི་ཟི་ལིང་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་སྤྱི་ལེ་སོ་དྲུག་ཡོད་པའི་ཕིན་ཨན་རྫོང་མཁར་གྱི་ཙོང་ཆུའི་ཕ་རོལ་ཏེ་ཧུའུ་ཀྲུའུ་རྫོང་གི་བྲག་དམར་ལུང་མདོའི་བྲག་ལྡེབས་སུ་མཆིས། དུས་རབས་དགུ་པའི་དཀྱིལ་དུ་གླང་དར་མས་ནང་བའི་བསྟན་པ་བསྣུབས་པའི་དུས་སུ།དཔལ་ཆེན་ཆུ་བོ་རིའི་དགོན་གྲྭ་ན་བཞུགས་པའི་གྱེལ་མི་གཙང་རབ་གསལ་དང་།བོ་དོང་པ་གཡོ་དགེ་འབྱུང་།སྟོད་ལུང་པ་དམར་ཤྰཀྱ་མུ་ནེ་གསུམ་གྱིས་འདུལ་བ་དྲེའུ་ཁལ་ཞིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས།གར་ལོག་དང་ཧོར་ཡུལ་བརྒྱུད་དེ་མཐར་མདོ་སྨད་ཡུལ་དུ་བྱོན་ཏེ་ཐོག་མར་ཨན་ཆུང་གནམ་རྫོང་དང་།ལོ་རྡོ་རྗེ་བྲག་ཏུ་བཞུགས།དེ་ནས་ཙོང་ཁའི་བདེ་ཁམས་ཤར་ལྷོའི་ཆར་གྱི་དན་ཏིག་ཏུ་བཞུགས་རིང་དེ་དང་ཤིན་ཏུ་ཉེ་བའི་རྨ་འགྲམ་གྱི་རྒྱ་ཞུར་སྡེ་བའི་དམུ་ཟུ་གསལ་འབར་བྱ་བའི་ཁྱེའུ་ཞིག་མཁས་པ་མི་གསུམ་དང་མཇལ་བས་དད་པ་སྐྱེས་ཏེ་རབ་བྱུང་ཞུས་པས།གཙང་རབ་གསལ་གྱིས་མཁན་པོ་དང་།གཡོ་དགེ་འབྱུང་དང་དམར་ཤྰཀྱ་མུ་ནེས་སློབ་དཔོན་བྱས།རྒྱ་ནག་གི་ཧྭ་ཤིང་ཀེ་ཝང་དང་ཆི་ཕན་རྣམ་གཉིས་ཀྱིས་ཁ་བསྐངས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།མཚན་ལ་དགེ་བ་རབ་གསལ་གསོལ་ཞིང་།ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས།དམར་དང་གཙང་གཉིས་སྐུ་ཚེ་སྨད་དུ་ཙོང་ཆུའི་འགྲམ་གྱི་བྲག་དམར་ངོས་སུ་བཞུགས་པས།
ཁོང་རྣམ་གཉིས་ཀྱི་མཚན་ནས་བཟུང་སྟེ་དམར་གཙང་བྲག་ཅེས་ཐོགས་པ་ཡིན་ཏེ།མདོ་སྨད་ཆོས་འབྱུང་ལས།ཙོང་ཁའི་བྱང་རྒྱུད་དམ་ཙོང་ཉིན་དབུས་ཀྱི་དམར་གཙང་བྲག་ནི།དམར་ཤྰཀྱ་མུ་ནེ་དང་གཙང་རབ་གསལ་གཉིས་ཀྱི་བཞུགས་གནས་ཡིན་པས་མཚན་དེ་ལྟར་ཐོགས།ཞེས་དང་།ཨ་ལགས་ཚེ་ཏན་ཞབས་དྲུང་ལགས་ཀྱིས་མཛད་པའི་《བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་མདོ་ཙམ་བརྗོད་པ》ཞེས་པ་ལས།དེ་ལྟར་མཁས་པ་མི་གསུམ་དང་བླ་ཆེན་པོ་རྣམས་ཏན་ཏིག་ཏུ་བཞུགས་རིང་ནས་སྐུ་ཚེ་སྨད་དུ་དམར་དང་གཙང་གཉིས་དགོན་ལུང་གི་མདོ་ཙོང་ཆུའི་འགྲམ་གྱི་རི་བྲག་དམར་བོ་ཞིག་ལ་ཁུང་བུ་བརྐོས་ཏེ་བཞུགས་པས་དམར་གཙང་བྲག་ཏུ་ཐོགས་ལ།དེང་སང་དེའི་གཤམ་དུ་ཆགས་པའི་གྲོང་བའི་མིང་ལ་ཡང་དམར་གཙང་ཞེས་འབོད་དོ།དམར་གཙང་ཞེས་པའི་མིང་དེ་ལྟར་ཐོགས་ཤིང་།དེ་ནས་བླ་ཆེན་པོས་གནས་འདིར་གཙུག་ལག་ཁང་དང་རྟེན་མང་བོ་བཞེངས།མཐར་བྲག་ལ་བརྐོས་པའི་ཁུང་བུ་ཞིག་ཏུ་བཞུགས་ནས་སྐུ་མྱ་ངན་ལས་འདས་ཤིང་།སྐུ་གདུང་ཧྲིལ་བོ་ལ་སྨན་གྱིས་བྱུགས་ཏེ་སྐུ་བརྙན་བཞེངས།《རྒྱལ་དབང་ལྔ་བའི་རང་རྣམས་དུ་ཀྰུ་ལའི་གོས་བཟང》ལས།བླ་ཆེན་དགོངས་པ་རབ་གསལ་གྱི་གདུང་བཞུགས་པའི་གཙུག་ལག་ཁང་དང་མི་རིང་བའི་ཆ་ཕེང་ཀྲུང་ཡི་རུར་བསྡད།མར་ཚ་དང་མི་སྐྱས་མཚོན་པའི་ཕྲད་མི་མང་དུ་བྱུང་།ཞེས་དང་།ཐུའུ་བཀྭན་རྗེས།ཐུབ་བསྟན་ཉུང་འབྲུའི་ཚད་དུ་གྱུར་པ་ཉིད།དཔག་བསམ་ཤིང་ལྟར་རྒྱས་མཛད་བཀའ་དྲིན་ཅན།དགོངས་པ་རབ་གསལ་སྐུ་གདུང་རིལ་བོ་རུ།དམར་གཙང་བྲག་ན་བཞུགས་པ་མཇལ་ལགས་སམ།ཞེས་པ་ལས་གསལ་ལ།གདུང་དེའི་མཛོད་སྤུའི་རྣམ་པ་གསལ་བ་དང་།སྐུ་ལ་གསོལ་བའི་ན་བཟའ་ལ་སྐྱི་དྲེག་ཆགས་ཤིང་།ཐུགས་ཀའི་ཐད་དུ་རེག་ན་དྲོད་ཡོད་པ་ལྟ་བུའི་ཉམས་དང་ཞལ་རས་ཀྱི་མདངས་ལ་མཐོང་སྣང་མི་འདྲ་བ་འབྱུང་བ་དང་།སྐབས་འགར་རྔུལ་ཆུ་ཐོན་ཞིང་།སྐུ་མདངས་སྨུག་པོ་བྱུང་ན་ཡུལ་ཁམས་འཁྲུག་པ་སོགས་བཀྲ་མི་ཤིས་པ་འབྱུང་བ་དང་།མདངས་བཟང་ཞིང་དྲི་ཞིམ་པོ་བྱུང་ན་ཡུལ་ཕྱོགས་སུ་བཀྲ་ཤིས་པར་གྲགས།གཡོན་གྱི་ལྷ་ཁང་ཆུང་ངུར་ཕྱག་རྡོར་གྱི་ཚབ་ལ་ལྷ་ལུང་དཔལ་རྡོར།གཡས་ཐུགས་ཀར་རྡོ་རྗེ།གཡོན་མཉམ་བཞག རྡོ་རྗེ་སྐྱིལ་ཀྲུང་དང་གོས་སྔོན་གྱི་ན་བཟའ་ཅན་གྱིས་བྱས་པའི་རིགས་གསུམ་མགོན་པོ།ཁ་སྐོང་ཧྭ་ཤང་གཉིས་ཀྱི་འདྲ་སྐུ་གཅིག་གིས་ཐུགས་ཀར་ཐལ་མོ་སྦྱར་བ།གཅིག་ཕུ་དུང་གི་སྟེང་དུ་ཆོས་གོས་གྱོན་པ་ཐུགས་ཀར་བསྣོལ་ཐབས་ལ་མཉམ་པའི་སྟབས་ཀྱིས་བཞེངས་པ།གཡས་ངོས་སུ་བྱམས་པ་རང་བྱོན་དུ་གྲགས་པའི་བྲག་རི་རིང་བོ་སོགས་རྟེན་དང་བརྟེན་པ་དུ་མས་བརྒྱན་ཡོད།ཆིན་རྒྱལ་རབས་ཀྱི་ཐུང་ཀྲུའི་སྲིད་ལོའི་སྐབས་སུ།དམག་འཁྲུག་གི་ཡོ་ལང་ཁྲོད་དུ་རྟེན་སྐུ་ལ་ཆག་འཇིག་ཆེན་པོ་བྱུང་བར་བརྗོད་དེ།ཨ་ལགས་ཚེ་ཏན་ཞབས་དྲུང་ལགས་ཀྱིས།རྒྱལ་རབས་སྔ་ཕྱིར་དུས་འཁྲུགས་སོགས་ཀྱིས་ལན་འགར་ཆག་འཇིག་བྱུང་སྟབས་ཕྱིས་སུ་གདུང་རུས་ཙམ་དུ་ལུས་པ་སྙིང་བོར་ཕུལ་བའི་སྐུ་བརྙན་དེ་བདག་བགྲང་བྱ་ཞེ་གཉིས་པ་ལྕགས་ཡོས་ལོར་དངོས་སུ་མཇལ་མྱོང་ལ།རབ་རྒྱས་ས་ཁྱི་ལོར་གདུང་རུས་ཀྱང་གཞན་ཞིག་ཏུ་སྦས་སྐོར་བྱེད་དགོས་བྱུང་བར་བརྟེན་ཕྱིས་སུ་བཙལ་བས་ལག་ཏུ་མ་ཆུད་པར་སྣང་ངོ་།།ཞེས་གསུངས་པ་ལྟར་ཡིན་ལ།དེ་རྗེས་སླར་བཞེངས་པའང་རིག་གནས་གསར་བརྗེའི་སྔ་གཞུག་ཏུ་མེད་བརླག་ཏུ་སོང་།ད་ལྟ་ཐོག་ཁང་སྟེང་མའི་ནང་དུ་བླ་ཆེན་པོའི་འབག་སྐུ་དང་།བར་མའི་ནང་མཁས་པ་མི་གསུམ་དང་།ལྷ་ལུང་དཔལ་རྡོར།རྒྱའི་ཧྭ་ཤང་རྣམ་གཉིས་ཀྱི་འབག་སྐུ་བཅས་གསར་དུ་བཞེངས་ཡོད་ལ།བྱམས་པ་རང་བྱོན་དུ་གྲགས་པའི་བྲག་འོག་གི་བྱམས་སྐུ་འཇིག་མེད་པར་ཕྱག་གཡོན་པར་ལྷུང་བཟེད་དང་ཕྱག་གཡས་པ་མི་འཇིགས་པའི་ཕྱག་རྒྱ་དང་བཅས་བཞེངས་ཡོད་པ་དེར་བྱམས་པ་ཆུ་གཟིགས་ཞེས་བརྗོད།བཤད་རྒྱུན་ལ་མདུན་གྱི་ཙོང་ཆུ་འགོག་པའི་རྣམ་པས་བཞུགས་པར་གྲགས།
དམར་གཙང་བྲག་ལ་རྒྱ་སྐད་དུ་པེ་མྰ་ཟི་ཟེར།དེ་ནི་སྤྱི་ལོ༡༥༨༤ལོར་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དགོན་ལུང་བྱམས་པ་གླིང་དུ་ཕེབས་པའི་ལམ་བར་དུ་དམར་གཙང་བྲག་ཏུ་སླེབས་པ་ན་ཁོང་གི་ཆིབས་རྟ་དཀར་པོ་ཤི་ཞིང་དེའི་དྲན་རྟེན་དུ་དགོན་པས་གནས་དེར་རྟ་དཀར་པོ་ཞིག་བཞེངས་པ་དེ་ལ་བརྟེན་ནས་པེ་མྰ་ཟི་རྟ་དཀར་དགོན་ཞེས་པའི་མིང་ཐོགས་པར་བཤད།ཡང་ལ་ལས་དམར་གཙང་བྲག་དགོན་པ་ནི་མདོ་སྨད་ཡུལ་གྱི་དགོན་པ་སྔ་བ་ཡིན་པས།འདི་རྒྱ་ནག་གི་ནང་བསྟན་དགོན་པ་ཐོག་མ་ཧོའུ་ནན་ཞིང་ཆེན་གྱི་པེ་མྰ་ཟི་དང་གཉིས་སུ་མ་མཆིས་ཕྱིར་འདྲ་བ་རྒྱུ་མཚན་དུ་བྱས་ནས་དེ་ལྟར་བཏགས་པར་གྲགས།གཞན་ཡང་རྒྱ་སྐད་དུ་ཀྱོ་ཧྭ་ཟི་དང་ཅིན་ཀང་ཡྰ་ཟི་ཞེས་ཀྱང་ཟེར།གང་ལྟར་གནས་དེ་ནི་བསྟན་པའི་མེ་རོ་གསོ་མཁན་བོད་ཀྱི་མཁས་པ་མི་གསུམ་དང་བླ་ཆེན་པོ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་པས་མདོ་སྨད་ཡུལ་གྱི་མིང་གི་སྙན་པ་བརྗིད་པའི་གནས་ཆེན་ཞིག་ཡིན།ད་ལྟའང་ལོ་རེའི་ལུགས་རྙིང་གི་ཟླ་བཞི་བའི་ཚེས་བཅོ་ལྔའི་དུས་སུ་ཉེ་འཁོར་ཡུལ་སྡེ་སོ་སོའི་རྒྱ་བོད་ཧོར་གསུམ་གྱི་དད་ལྡན་པ་མང་བོ་གནས་དེར་འདུས་ཏེ་སྨྱུང་གནས་སྲུང་བ་སོགས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བཞིན་ཡོད་དོ།།
 
  • ལེ་ཚན་སྔོན་མ།:ཡིད་དབང་འཕྲོག་པའི་གངས་རི་གནམ་ལྕགས་འབར་བའི་བརྗིད་ཉམས།
  • ལེ་ཚན་རྗེས་མ།:ལྷ་སའི་ཕྱོགས་བཞི་ལ་གནས་པའི་ཁྱད་དུ་འཕགས་པའི་རི་བཞི།