ལུག་གི་གྲོགས་པོ་ཚོ།

ལྷུན་དར་སྐལ་བཟང་བསྟན་པས་བསྒྱུར།        2018-03-05

      ས་སྲོས་ཀྱི་དུས་ལུག་གཅིག་པུ་རི་སྟེང་དུ་རྩེད་འཇོར་རོལ་བཞིན་ཡོད། གློ་བུར་དུ་ཤིང་ནགས་ཀྱི་གསེབ་ནས་སྤྱང་ཀི་ཞིག་ཐོན་ཡོང་སྟེ་ལུག་ཟ་རྩིས་བྱས་པར། ལུག་གིས་སྲོག་འབེན་བཙུགས་ཏེ་གནམ་ལ་མཆོངས་ཤིང་རྭ་ཅོས་འགོག་རྒོལ་བྱས་པར་མ་ཟད། སྐད་ཤུགས་ཆེན་པོས་རང་གི་གྲོགས་པོ་ཚོར་སྲོག་བསྐྱབ་རྒྱུའི་བརྡ་བཏང་བ་རེད།

      གླང་གིས་ཤིང་ནགས་ཕྱོགས་སུ་ལྟ་ཙམ་བྱས་པས་སྤྱང་ཀི་ཡིན་པ་ཤེས་འཕྲལ་མྱུར་དུ་དེ་ནས་གཡོལ་ཏེ་ཕྱིན་སོང་།

      རྟས་མགོ་སྒུར་སྒུར་བྱས་ཏེ་བལྟས་པས་ན་སྤྱང་ཀི་ངར་པོ་ཞིག་ཐོན་ཡོད་པ་མཐོང་མཚམས་རྡུལ་འཚུབ་བེར་བྲོས་སོང་།

      བོང་བུས་འགྲོ་མཚམས་བཞག་ནས་ལྟ་ཚེ་སྤྱང་ཀི་མཐོང་བས་ཁུ་སིམ་སིམ་ངང་ཁ་ཐུར་ལ་གཏད་ནས་རྒྱུགས་སོང་།

      ཕག་པ་ལམ་ཆུང་དེ་བརྒྱུད་ནས་འགྲོ་བའི་སྐབས་སྤྱང་ཀི་དེ་མིག་ལམ་དུ་མངོན་པས་ཤར་རེར་རི་གཤམ་དུ་བུད་སོང་།

      རི་བོང་གིས་སྲོག་སྐྱོབ་ཀྱི་སྐད་སྒྲ་དེ་ཐོས་མ་ཉིད་དུ་མདའ་མོ་འཕངས་པ་ལྟར་མཐོང་རྒྱུ་རིག་རྒྱུ་མེད་པར་གྱུར་སོང་།

      རི་གཤམ་དུ་ཡོད་པའི་ཁྱིས་སྲོག་སྐྱོབ་ཀྱི་སྐད་སྒྲ་དེ་ཐོས་རྗེས། ཚམ་ཚོམ་ཡེ་ནས་མེད་པར་རི་སྟེང་དུ་ཡོང་ཞིང་། རྩྭ་གསེབ་ནས་གློག་འཁྱུག་པ་ལྟར་ཐོན་ཏེ་སྤྱང་ཀིའི་སྐེ་ལ་སོ་ཞིག་བཏབ་པས། སྤྱང་ཀི་ན་ཟུག་གིས་མ་བཟོད་པར་སྡུག་སྐད་ཀྱང་ཤོར། མཐར་ཁྱི་དབུགས་བརྗེ་བ་དང་བསྟུན་ཏེ་སྤྱང་ཀི་དེ་ཁྱིའི་ཁ་ནས་ཐར་ཙམ་བྱུང་ཞིང་། བཟོ་ལྟ་རྦད་དེ་ཤོར་ནས་བྲོས་སོང་ངོ་།

      ལུག་རང་ཁྱིམ་དུ་ལོག་པའི་རྗེས་ཁོའི་གྲོགས་པོ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལྟ་བར་ཡོང་།

      གླང་གིས་བཤད་དོན་དེ་དུས་ལུག་ཁྱོད་ཀྱིས་ང་ལ་མི་བཤད་པ་ཅི་ཡིན། ངའི་རྭ་ཅོས་བསྣུན་ཙ་ན་སྤྱང་ཀིའི་རྒྱུ་མ་བཅས་པ་ཕྱི་ལ་བཏོན་ཁོ་ཐག་རེད་ཟེར།

      རྟས་བཤད་པར་ལུག་ཁྱོད་ཀྱིས་ང་མི་འབོད་པ་གང་ཡིན། ངའི་རྨིག་པ་ལྕགས་འདྲ་བ་འདི་བཞུ་ཐེངས་གཅིག་གིས་སྤྱང་ཀིའི་ཀླད་ཞོ་ས་ལ་གཏོར་ཐུབ་ཟེར།

      བོང་བུས་བཤད་དོན་དེ་ཏག་ཏག་ལ་ལུག་ཁྱོད་ཀྱིས་ང་བཙལ་བ་ཡིན་ན། ངས་སྐད་བརྒྱབ་པ་ཙམ་གྱིས་སྤྱང་ཀི་སྐྲག་སྟེ་སྙིང་རྩ་ཡང་འདར་ངེས་རེད་ཟེར།

      ཕག་པས་བཤད་རྒྱུར་དེ་དོན་ལུག་ཁྱོད་ཀྱིས་ང་ལ་མི་ལབ་པ་ཅི་ཡིན། ངའི་མཆུ་ཏོས་འབུད་ཐེངས་གཅིག་གིས་སྤྱང་ཀི་ཁོ་རི་སྟེང་ནས་མར་གཡུག་གོ་ཟེར།

      རི་བོང་གིས་བཤད་པར་དེའི་སྐབས་ལུག་ཁྱོད་ཀྱིས་ངར་སྐད་མི་བཏང་བ་ཅི་ཡིན། ང་རྒྱུགས་ལ་གོམས་པས་གཞན་ལ་ལན་བསྐྱལ་བར་ཕྱིན་ཆོག་གི་རེད་ཟེར།

      ཁོ་ཚོས་སྐད་ཅོར་དིར་དིར་རྒྱག་བཞིན་པའི་ཁྲོད། ཁྱི་ཁོ་ན་མཐོང་རྒྱུ་མེད་པ་རེད།


  • ལེ་ཚན་སྔོན་མ།: དུས་ཀྱི་དགུན་དང་སེམས་ཀྱི་དགུན།
  • ལེ་ཚན་རྗེས་མ།:མཇུག་མཐའི་སྨོན་ཚིག