སྟོན་ལོ་སེར་པོ།

ཚེ་རིང་ལྷ་མཚོ།        2018-03-05

ལས་དབང་གི་དར་ལྕོག་སྔོན་མོས།

གངས་རི་དང་ལྟེ་ཁྲག་སྦྲེལ་བའི་སྟོན་ལོ་སེར་པོ་འདི་དག་གིས།

མག་མོག་གི་རི་ཁུལ་དོག་པོ་ནས།

ཡིད་ཆེས་དང་ང་རྒྱལ་བསྣམས་ཀྱིན།

འཚོ་བའི་སྔས་མགོ་ན་རང་དབང་གིས་རྡོག་པ་བསྲིངས་སྐབས།

དམིགས་འདུན་གྱི་དར་ཐག་རིང་མོ་སྐྱ་རེངས་དང་སྦྲེལ།

དེའི་ཕྱིར།

སྟོན་ལོ་སེར་པོར།

དབྱར་གྱི་མགྲོན་པོ་སྐྱེལ་བའི་འཛུམ་མདངས་དང་།

དགུན་གྱི་བསླུ་བྲིད་བསུ་བའི་རྣམ་དཔྱོད་ལྡན།

ནོར་འཛིན་སྒེག་མོར་འཁྱུད་པའི་ཆོད་སེམས་དང་།

རི་བོར་མཛེས་རྒྱན་སྣོན་པའི་མཐུ་སྟོབས་མངའ།

ད་དུང་།

སྟོན་ལོ་སེར་པོ།

རྫ་ཆབ་ཟིལ་མའི་གྲུ་ལ་བཞོན་ནས་དུས་རབས་གསར་པའི་དགའ་ཚལ་དུ་བསྐྱོད།

བསིལ་རླུང་འཇམ་པོ་གྲོགས་སུ་སྦྲོན་ནས་སྤྱི་ཚོགས་དམར་པོའི་ཁྲོམ་ར་བཤགས།

རིགས་ལ་ཞེན་པའི་མཛའ་མཐུན་འདྲུད་བཞིན་ཀ་ཁའི་སྙན་དབྱངས་གོ་ལར་གྱེར།

ལོས་བདེན།

སྟོན་ལོ་སེར་པོའི་ཡིད་གཞུང་ན།

གངས་རི་དང་དར་ལྕོག་ནི་མཛེས་ཤིང་སྡུག

སྦྲ་ནག་དང་རྩྭ་ཐང་ནི་རྔམ་ཞིང་བརྗིད།

མར་ཕྱུར་དང་འོ་མ་ནི་ཞིམ་ཞིང་མངར།

མདོར་ན།

སྐྱིད་སྡུག་རེས་མོས་ཀྱི་ལམ་རྒྱགས་དུ་མ་རུམ་དུ་བསགས་པའི་སྟོན་ལོ་སེར་པོ་ཚོ།

ཁ་བ་རི་བོའི་སེམས་ཁམས་ན་ནམ་ཡང་ལྷབ་ལྷུབ་ངང་འཕུར།


  • ལེ་ཚན་སྔོན་མ།:འཚོ་བའི་ངོ་གདོང་ནས་དཀྲོལ་བའི་རོལ་དབྱངས།
  • ལེ་ཚན་རྗེས་མ།:ལས་འཕྲོ་མེད་པའི་བྱམས་པ།