ཆོ་འཕྲུལ་སྨོན་ལམ་ཆེན་མོ།

        2018-03-02

ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཆོ་འཕྲུལ་སྨོན་ལམ་ཆེན་མོ།

       ཆོ་འཕྲུལ་སྨོན་ལམ་ནི་ལུགས་རྙིང་གི་ཟླ་དང་བོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཡིན་ཞིང་། དེའི་དུས་སུ་བོད་ཡུལ་གྱི་དགེ་ལུགས་པའི་དགོན་པ་སོ་སོ་ནས་ཆོས་ཀྱི་མཛད་སྒོ་གཟབ་རྒྱས་བསྡུས་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགྱེས་དགུར་རོལ་བ་ཞིག་ཡིན། 

སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ།

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད། དེ་ལྟར་ཐུབ་པའི་དབང་པོ་ཉིད་ཀྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པར་མངའ་བ་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་དོན་གནད་ཉུང་ངུར་བསྡུས་ཏེ“དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། བར་དུ་གཅོད་པའི་བདུད་རྣམས་འཛོམས་མཛད་པ། བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ།”ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་གཅིག་ཏུ་གསུངས་ཤིང་། དེའི་ནང་གི་བར་དུ་གཅོད་པའི་བདུད་རྣམས་འཇོམས་མཛད་པ་དེ་ནི་ཤཱཀྱའི་རྒྱལ་པོའི་སྐུ་ཚེ་དེའི་མཛད་པ་བཅུ་གཉིས་ལས་ཧ་ཅང་གལ་ཆེ་བ་ཞིག་ཏུ་བརྩིས་པ་ཡིན། མཛད་པ་དེ་ལ་རྗེས་དྲན་ཞུ་ཆེད། 

རྗེ་ཙོང་ཁ་པས་གསར་བཏོད་བྱས་ཚུལ།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སྤྱི་ལོ1409ལོར་ལྷ་ལྡན་གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཙུགས་པ་རེད། དེ་ལ་བོད་མི་རྣམས་ཀྱིས་རྒྱ་ལོ་སྨོན་ལམ་དང་བཅོ་ལྔ་མཆོད་པ་དང་ཆོ་འཕྲུལ་དུས་ཆེན་དུ་ཡང་འབོད། ཆོ་འཕྲུལ་ཟླ་བ་འདིར་སྟོན་པ་ཤཱཀྱ་ཐུབ་པས་བདུད་སྡིག་ཏོ་ཅན་ལ་སོགས་པའི་བདུད་དམག་བྱེ་བ་ཙམ་བྱམས་པའི་ཆར་གྱིས་འདུལ་བར་མཛད་ཅིང་། སྟོན་པ་དགུང་ལོ་ང་བདུན་བཞེས་དུས་མུ་སྟེགས་རྫོགས་བྱེད་དང་གནག་ལྷས་ཀྱི་བུ། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་རལ་བ་ཅན། ཀ་ཏའི་བུ་ནོག་ཅན། གཅེར་བུ་བ་གཉེན་གྱི་བུ་བཅས་ཕྱི་རོལ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཕྱི་རོལ་བའི་གདུལ་བྱ་སྐྱེ་བོ་དགུ་ཁྲི་འཁོར་དང་བཅས་པ་འདུལ་བའི་དུས་ལ་གཟིགས་ནས། འཕགས་ཡུལ་གྱི་གྲོང་ཁྱེར་མཉན་ཡོད་གནས་ཞེས་བྱ་བར་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་ནས་བཏུལ་པ་དེའི་རྗེས་ནས་མཆུ་ཟླ་འདི་ལ་ཆོ་འཕྲུལ་ཟླ་བ་ཞེས་ཐོགས་ཤིང་། ཚེས་གཅིག་ནས་ཚེས་བདུན་གྱི་བར་འགྲན་ཟླ་དང་བཅས་པའི་ཆོ་འཕྲུལ་ཞེས་བརྗོད་པ་དང་། ཚེས་བརྒྱད་ནས་བཅོ་ལྔ་བར་འགྲན་ཟླ་མེད་པའི་ཆོ་འཕྲུལ་ཞེས་གྲགས། སྒོས་སུ་ཚེས་བརྒྱད་ཀྱི་ཉིན་མུ་སྟེགས་སྟོན་པ་དྲུག་པོས་ཆོ་འཕྲུལ་ངོ་མཚར་ཆེ་བ་ལ་འགྲན་མ་བཟོད་པར་དཔའ་སྤོབས་ཡོངས་སུ་ཞུམ་སྟེ། ལ་ལ་ནི་ཆུར་མཆོངས་ཤིང་། ལ་ལ་ནི་ཡུལ་གཞན་དུ་བྲོས། དེ་རྣམས་ཀྱི་འཁོར་ལྷག་ཏུ་ལུས་པ་མུ་སྟེགས་ཅན་དགུ་ཁྲི་ནི་སངས་རྒྱས་ཀྱི་མཛད་པའི་རྣམ་ཐར་ལ་དད་ནས་རབ་ཏུ་བྱུང་བས་ནང་བའི་བསྟན་པ་ལ་དཔུང་ཤིན་ཏུ་ཆེན་པོ་རྒྱས། མཛད་རྣམས་དེ་དག་རྗེས་སུ་དྲན་པར་བྱ་ཆེད་རྗེ་རིན་པོ་ཆེ་ནས་ཆོ་འཕྲུལ་སྨོན་ལམ་བཙུགས་པ་ནས་བཟུང་། རང་རེའི་བོད་དུ་སེ་འབྲས་དགེ་གསུམ་གཙོ་བྱས་པའི་སྐྱ་སེར་གཞུང་སྒེར་ཚང་མས་ལོ་རེ་བཞིན་མཐོང་ཆེན་བླ་ལྷག་གིས་སྨོན་ལམ་བྱེད་སྒོ་རྒྱ་ཆེར་བསྒྲུབས་ཤིང་། ཚེས་བརྒྱད་ལ་ཇོ་བོ་ཡིད་བཞིན་ནོར་བུ་བཞུགས་སའི་ལྷ་ལྡན་གཙུག་ཁང་གི་ཁྱམས་རར་གདན་ས་ཆེན་པོ་གསུམ་གྱི་བླ་སྤྲུལ་དགེ་འདུན་རྣམས་འཚོགས་པ་དང་དད་ལྡན་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མ་བསྐུལ་རང་རྟོགས་སྒོས་མཆོད་འབུལ་བསྙེན་བཀུར་གང་ལེགས་ཞུ་བ་དང་། དགོང་དྲོའི་དུས་སུ་བར་སྐོར་གྱི་ཁོར་ཡུག་ཏུ་སྲིད་གཞུང་དང་། རྒྱལ་སྤྲུལ་སོགས་བླ་བྲང་ཆེ་ཁག  མཁན་པོ་ཁག་རྒྱུད་གྲྭ་སྟོད་སྨད། བཀའ་བློན་རྣམ་པ། རྩེ་ཤོད་ཕྱག་མཛོད་དང་། ཡབ་གཞིས། སྡེ་དཔོན་ཆེ་ཁག་ལྷ་གཉེར་སོགས་ཀྱིས་མར་ཚོན་ལས་བཞེངས་པའི་མར་རྒྱན་མཆོད་པ་གཙོ་འཁོར་ལྔ་དང་། གཙོ་འཁོར་གསུམ་བཤམས་པ་ལ་མཆོད་གཟིགས་མཛད་ཅིང་། བཟོ་རྩལ་ཁྱད་དུ་འཕགས་པར་བཞེངས་ཡོད་པའི་སྐུ་བརྙན་དག་གི་མཐོ་ཚད་ཐོག་བརྩེགས་གསུམ་ལྷག་ཙམ་དང་དམའ་ཚད་ཐོག་བརྩེགས་གཉིས་ཡས་མས་འདུག་ལ། རྒྱན་སྤྲོས་ཁང་བཟང་རྒྱ་ཕིབས་ཅན་གྱི་ནང་དུ་སྟོན་པ་མཆོག་ཟུང་དང་རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས། མཆོད་པའི་ལྷ་མོ། སྦྱིན་བདག་ཧྭ་ཤང་། ཚེ་རིང་རྣམ་དྲུག  མཐུན་པ་སྤུན་བཞི། གསེར་འབྲུག་དང་གཡུ་འབྲུག   བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ། ཞིང་བཀོད་མཐའ་རྒྱན་གྱི་མེ་ཏོག་ལོ་འདབ་སོགས་ནི་རྡོ་ཚོན་སྣ་ཚོགས་བསྲེས་པའི་མར་གྱིས་བཞེངས་ཤིང་། བཟོ་བཀོད་ཤིན་ཏུ་མཛེས་པས་དད་ལྡན་མཇལ་བ་དང་ཡུལ་སྐོར་བ་ཀུན་གྱི་མིག་དབང་འཕྲོག་པ་ཞིག་རེད། དེའི་མདུན་དུ་མར་མེ་དང་མཆོད་པ་མང་པོ་སྒྲིག་གཤོམ་ཐོག  སྐུ་རབས་རིམ་བྱོན་གྱི་ཏཱ་ལའི་བླ་མ་དབུ་གཡབ་མེད་པའི་ཕེབས་བྱམས་ནང་བཞུགས་ནས། གུང་བཀའ་བློན་དང་དྲུང་རིགས་སེར་སྐྱ་ཚོས་ཕེབས་རོགས་འོག་བཅོ་ལྔ་མཆོད་པ་ལ་མཆོད་གཟིགས་ཞིབ་ཏུ་གནང་སྲོལ་ཡོད་པར་བཤད་ཅིང་། འདུ་འཛི་རྙོག་ཟིང་མི་འབྱུང་ཆེན་སྲང་ལམ་གྱི་འགག་མདོ་ཚང་མར་ཐག་རྒྱ་འཐེན་ཞིང་། དེའི་མདུན་ཐད་དུ་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས་དང་། ཆབ་བདག་མ་གཉིས། ཞང་པོ་ཤིང་གཉེར། དགེ་གཡོག་ཉི་ཤུ་རྩ་གཅིག   ཐབ་གཡོག་ཉི་ཤུ་ཐམ་པ་བཅས་འགྱིང་ཉམས་ཀྱིས་བསྐྱོད་པ་ཡིན། དེ་ནས་མཆོད་པ་སོ་སོའི་ཁྱད་ཆོས་འདྲ་མིན་ལ་གཟིགས་མོ་གནང་རྗེས། བར་སྐོར་འདའ་མཚམས་སུ་ཐག་རྒྱ་གློད་དེ་མཇལ་བ་རྣམས་ལ་མཆོད་མཇལ་བྱེད་དུ་འཇུག་པ་ཡིན། དུས་མཚུངས་སུ་ཉེ་འཁོར་གྲོང་གསེབ་ཀྱི་མི་རྣམས་སྐོར་དང་སྐོར་བྱས་ནས་མཆོད་པའི་མདུན་དུ་སྒོར་གཞས་འཁྲབ་བཞིན་མཆོད་པ་མཚོན་པར་བྱས། དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་ཤིང་རྩེད་འཇོའི་གར་གྱིས་འདོད་པ་མ་ཚིམས་པར་མཚམས་རེར་ཕྱི་ཉིན་གྱི་སྐྱ་རེངས་ཤར་རག་བར་དུ་རྩེད་མཚམས་མི་འཇོག་པའི་སྲོལ་ཡང་ཡོད། 

ཕྱོགས་སོ་སོར་དར་ཚུལ།

མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མང་ཤས་སུ་ཡང་བཅོ་ལྔ་མཆོད་པའི་ཉིན་ལ་དད་ལྡན་སེར་སྐྱ་མང་བོ་དགོན་པའི་གླིང་དུ་འདུས་ནས་ལྷ་ཁང་མགོན་ཁང་རྣམས་སུ་མཆོད་མེ་བརྒྱ་ཕྲག་མང་བོའི་སྤྱན་ཕྱེ་བ་དང་། མཛོད་བཏགས་སྣ་ལྔ་སོགས་ཀྱི་སྙན་ཤལ་ཕོན་ཆེ་བ་བཏགས་ཏེ་མཆོད་མཇལ་བྱེད་བཞིན་གསོལ་འདེབས་དང་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོ་མཛད་པའི་སྲོལ་དར་ཡོད་ལ། འབྱོར་ལྡན་ཡོན་བདག་རྣམས་ཀྱིས་མང་འགྱེད་དང་གྲྭ་ཇའི་བསྙེན་བཀུར་ཞུས་ཏེ་སྨོན་ལམ་ཆེན་མོ་ལེགས་པར་བསྒྲུབས་པ་རེད། ད་དུང་ལྷ་མོ་འཁྲབ་པ་དང་ཁྱི་ར་བའི་འཆམ་སོགས་ལ་ལྟད་མོ་ལྟ་བར་མ་ཟད། ཆོས་ར་ནས་སྨོན་ལམ་གསུང་བའི་ཆོས་སྐད་ལ་ཉན་པ་དང་དགོན་པའི་གླིང་དུ་ཕེབས་བྱམས་སུ་འདྲེན་པའི་བྱམས་པ་གླིང་བསྐོར་ལ་འཚང་ཁ་རྒྱག་བཞིན་མགོ་བོ་གཏུགས་ནས་རྫོགས་ལྡན་ཕྱི་མའི་དུས་སུ་རྒྱལ་བ་བྱམས་པའི་འཁོར་དུ་སྐྱེ་བར་སྨོན་ལམ་འདེབས་པ་དང་། མཐོང་ལམ་དུ་བཤམས་པའི་མེ་ཏོག་མཆོད་རྒྱན་དང་། གོས་སྐུ་ཆེན་མོར་ལག་ཟུང་ཐལ་མོ་སྦྱར་ནས་མཇལ་ཞིང་། དུས་གླགས་བཟང་པོ་དེ་དང་བསྟུན་ནས་དགོན་པའི་ནང་རྒྱུན་ལྡན་དུ་མཇལ་སྐལ་མི་གནང་བའི་རྟེན་སྣ་འགངས་ཆེན་དག་ལའང་མཇལ་ཐུབ་པས། དགེ་མཚན་གྱི་ཡོ་ལང་རྫོགས་ལྡན་གསར་བའི་དཔལ་ལ་འགྲན་ནོ།།


  • ལེ་ཚན་སྔོན་མ།:དཔལ་ལྷ་མོའི་དུས་ཆེན་ངོ་སྤྲོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • རྩོམ་གསར། 10