རང་ཁུལ་གྱི་ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་འཕེལ་རྒྱས་དང་དམངས་འཚོའི་སྐོར་ཐབས་འདོན་ཇུས་འདོན་བྱས།

དབྱངས་ཅན་གྱིས་བསྒྱུར།        2018-02-05

      སྤྱི་ཟླ་དང་པོའི་ཚེས28ཉིན། སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་མུ་མཐུད་དེ་འཐུས་མི་ཚོགས་པ་སོ་སོའི་གྲོས་ཚོགས་འཚོགས་ཤིང་། རང་ཁུལ་གྱི་ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་འཕེལ་རྒྱས་དང་དམངས་འཚོར་དམིགས་ནས་རང་ཉིད་ཀྱི་བསམ་ཚུལ་འདོན་གང་ཐུབ་དང་ཐུན་མོང་དུ་རྔམ་བརྗིད་ལྡན་པའི་འཆར་གཞི་སྐོར་གླེང་མོལ་བྱས་པ་རེད།

      འཐུས་མི་བློ་བཟང་ཆོས་འཕེལ་གྱིས་ཡུལ་སྐོར་ལས་རིགས་ནི་ལས་རིགས་གཅིག་དར་སྤེལ་བྱུང་ན་ལས་རིགས་མང་པོ་དར་སྤེལ་ཡོང་བར་སྣེ་ཁྲིད་བྱེད་པའི་ཐོན་ལས་ཤིག་རེད། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་མདུན་ལམ་ཡག་པོ་ཡོད་པས། ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ཏེ་ཡུལ་སྐོར་ལས་རིགས་སྐས་རིམ་གསར་པའི་ཐོག་སླེབས་པར་སྐུལ་འདེད་གཏང་དགོས། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཡག་རྔ་ནས་ལྕགས་ཟམ་ཁ་བར་གྱི་གཞུང་ལམ་དུ་རླངས་འཁོར་ཚོད་གཏོང་བྱེད་པའི་གོ་སྐབས་དང་བསྟུན་ནས། སྔར་ལྷག་གིས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གྲུབ་འབྲས་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་དྲིན་གཟོའི་འདུ་ཤེས་ངར་སློང་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ཤུགས་སྣོན་བརྒྱབ་ཏེ་མངོན་མེད་ནུས་ཤུགས་སྔོག་འདོན་གང་ལེགས་བྱས་ནས་མང་ཚོགས་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་ཡིད་ཆེས་བརྟན་པོ་ཆགས་པ་བྱ་དགོས། གྲངས་ཀའི་ཐོག་གི་དབུལ་ཐར་དང་འགྱུར་ལྡོག་ཆེན་པོ་མེད་པའི་གནས་ཚུལ་ནན་འགོག་བྱ་དགོས། ས་ཁ་མཐོ་བའི་ས་ཁུལ་གྱི་སློབ་ཆུང་དགེ་རྒན་དང་ལས་བཟོའི་སྒྲིག་ཁོངས་ཀྱི་མི་གྲངས་མི་འདང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ཞིང་སྡེའི་གཞུང་ལམ་དང་གློག་དྲྭ་འཛུགས་སྐྲུན་གྱི་ལས་གཞི་གཅིག་གྱུར་གྱི་འཆར་འགོད་ནང་བཞག་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་བར་ཁག་ཐེག་བྱ་དགོས་ཅེས་བསམ་འཆར་འདོན་པ་རེད།

      འཐུས་མི་ཚེ་དབང་འགྱུར་མེད་ཀྱིས་རང་རེའི་ཞིང་ཆེན་གྱི་འདས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཆོས་ལུགས་ལས་རིགས་མི་སྣ་འདུས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྤྲོ་སེམས་སློང་ཞིང་སེམས་འགུལ་རབ་ཏུ་ཐེབས་པ་ཞིག་རེད། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་ལྟ་འཁོར་སྐྱོད་བྱས་རྗེས། སྔོན་ཆད་ཀྱི་དུས་ཚོད་འགོར་བ་དང་རླངས་འཁོར་འཚང་བ། ཉེན་ཁ་ཆེ་བ་སོགས་ཀྱི་གནས་ཚུལ་འགྱུར་ལྡོག་གཏོང་བས་སེམས་པ་ཧ་ཅང་དགའ་པོ་འདུག ཕུག་ལམ་ནང་གིLEDཡི་རྒྱན་སྤྲས་ལམ་སྒྲོན་ལ་དངོས་གནས་གསར་གཏོད་ཀྱི་འདུ་ཤེས་ཡོད་པར་བརྟེན། ང་རང་ལྷག་བསམ་རྣམ་དག་གིས་ང་ཚོའི་མེས་རྒྱལ་ལ་ཡིད་སྨོན་བྱེད་འོས་པ་ཞིག་རེད་ཅེས་བཤད་པ་རེད། ཁོས་དགོན་སྡེར་ལྔ་གཏང་རྒྱུའི་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆོས་ལུགས་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དགོན་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་དེ་སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་མ་ལག་ནང་འཇོག་རྒྱུའི་གྲོས་འགོ་བཏོན་པ་རེད།

འཐུས་མི་ཡེ་ཤེས་ལྷ་མོས་གསར་དུ་བདམས་ཐོན་བྱུང་བའི་ཞིང་འབྲོག་པའི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། ང་རང་ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་ཚོགས་ཆེན་ནང་ཞུགས་ཐེངས་དང་པོ་ཡིན་པས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། སྲིད་གཞུང་ལས་ཀའི་སྙན་སེང་ཁྲོད་མང་ཚོགས་ཀྱི་སྐྱིད་སྡུག་ལ་དོ་སྣང་བྱས་ཡོད་པས་ང་རང་ཧ་ཅང་འཐད་པ་ཡིན ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་ས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་བྱེད་སའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་སྡེའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་དཔུང་སྡེ་འཛུགས་སྐྱོང་བྱས་ཏེ་ཞིང་འབྲོག་ས་ཁུལ་གྱི་འཕྲོད་བསྟེན་ཁོར་ཡུག་སྔར་བས་ལེགས་བཅོས་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་ཇེ་དྲག་ཏུ་ཡོང་བར་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱ་དགོས་ཞེས་བཤད་པ་རེད།

      འཐུས་མི་ཝང་ཆང་གིས་ཉེ་བའི་ལོ་ཤས་རིང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་བྱ་གཞག་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། འགྲིམ་འགྲུལ་ཐད་མ་དངུལ་འཇོག་པའི་གཞི་ཁྱོན་ཇེ་ཆེར་ཕྱིན་པ། གཞུང་ལམ་གྱི་འཆར་འགོད་མུ་མཐུད་དེ་འཐུས་ཚང་དུ་གཏོང་བ། ལམ་ངོས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ཡག་ཏུ་ཕྱིན་ནས་འགྲིམ་འགྲུལ་དབུལ་སྐྱོར་གྱི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད། ཡིན་ནའང་དཀར་མཛེས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་རྗེས་ལུས་ཡིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོར་བསྒྱུར་བཀོད་དང་མཐོར་འདེགས་གཏོང་བའི་ལས་འགན་ཧ་ཅང་ལྗིད་པོ་ཡིན་ཞིང་། ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་མི་འདང་བའི་གནས་ཚུལ་མངོས་གསལ་ཡིན་པ་སོགས་ཀྱི་དཀའ་ངལ་ཡོད་པས། འགྲིམ་འགྲུལ་ནི་སྔར་བཞིན་བོད་ཁུལ་འཕེལ་རྒྱས་ཡོང་བར་ཚོད་འཛིན་ཐེབས་པའི་འགག་མདོ་ཡིན་པ་རེད། དཀར་མཛེས་ཁུལ་དུ་རེས་བཞི་པའི་འགྲིམ་འགྲུལ་གྱི་འཐབ་ཇུས་ལས་ཀ་ཏན་ཏིག་ཡག་པོ་བསྒྲུབས་ནས། སྔར་ལས་ལྷག་པར་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གྱི་གནས་ཚུལ་ལེགས་བཅོས་ཆེན་པོ་ཡོང་བར་སྐུལ་འདེད་གཏང་དགོས། དཀར་མཛེས་བོད་ཁུལ་གྱི་ནོར་ཤུགས་མི་འདང་བའི་དོན་དངོས་ལ་དམིགས་ཏེ། རྒྱལ་སྲུང་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞིའི་ཁྲོད་ས་གནས་ཀྱིས་ཆ་ཚང་བསྒྲིག་དགོས་པའི་འཛུགས་སྐྲུན་མ་དངུལ་བརྒྱ་ཆ20དེ་ཐག་གཅོད་བྱ་རྒྱུ་དང་། མི་རིགས་ས་ཁུལ་གྱི་ཞིང་སྡེའི་གཞུང་ལམ་ཉམས་གསོ་བྱེད་ཡས་ཀྱི་མ་དངུལ་དེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྔོན་རྩིས་ནང་བཞག་ནས་འཛུགས་སྐྲུན་དང་ཉམས་གསོ་གལ་ཆེན་མཉམ་བརྩི་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་གསུམ་པ་སྤེལ།
  • ལེ་ཚན་རྗེས་མ།:གནམ་མཚོ་ཕྱུག་མོར་ཡུལ་སྐོར་བྱེད་པ་ལ་འབྱུང་འགྱུར་གྱི་ཟླ་བ་གསུམ་རིང་ལ་རིན་པ་མི་དགོས་པ།
  • དོ་སྣང་ཆེ་བའི་རྩོམ།