མཚན་ངོགས་སུ།

ཁྱུང་གཤོག        2018-02-05

མཚན་ངོགས་སུ།

ཟླ་ཟེར་ཀྱི་ཟེགས་མ་བགོས་པའི་ཞི་འཇམ་གྱི་རྨི་ལམ།

གོས་ཆེན་ཚར་ཁ་ཅན་ཞིག་གི་རུམ་ཁར་ཡང་ཡང་འཛུལ།

ཚོར་སྣང་ཟབ་མོའི་རུ་ཕྲེང་རིང་མོ།

མུན་པའི་མིག་ཟུང་བརྒྱུད་ནས་ཁེར་རྐྱང་གི་ཁོ་མོའི་རུམ་ཁོང་ལ་བཞུར།

བར་ཐག་དང་དྲན་གདུང་བསྣམས་ནས།

རྫི་གླུ་དང་མཆུ་སྒྲོས་བཏེགས་ནས།

 

མཚན་ངོགས་སུ།

མཚན་མོ་ཁོ་ནས་ལྷིང་འཇགས་ཀྱི་འཛུམ་མདངས་ཁྱེར་ནས།

དུས་ཚིགས་ངེས་མེད་ལ་སུན་སྣང་མེད་པར།

གཏམ་རྒྱུད་ཅིག་གི་སྣེ་མོར་ཁ་དོག་བགོས།

ཁ་དོག་དེའི་གས་སྲུབས་ནས་གཏམ་རྒྱུད་དེའི་གསང་བ་འཚོལ།

 

མཚན་ངོགས་སུ།

ཁེར་རྐྱང་ནི་མཁའ་མཐའི་ཟླ་བ་སྒོར་སྒོར་དེ་ཡིན་པར་འདོད།

དྲན་གདུང་ནི་རྩིས་ན་རྫོགས་རྒྱུ་མེད་པའི་སྐར་ཚོགས་དེ་ཡིན་པར་འདོད།

 

མཚན་ངོགས་སུ།

དབེན་འཇགས་ཁོ་ནས་མཚན་མོའི་རྩྭ་ཐང་སྲུང་ཡོད།

ཁ་དོག་མེད་པའི་དུས་ཚིགས་ཀྱི་ངོ་གདོང་།

ཁོ་མོའི་མིག་ཟུང་སྒོར་སྒོར་གྱི་རློན་ཤ་དང་འགྲོགས་ནས།

རྨི་ལམ་གྱི་ཡུལ་ཁམས་གཞན་ཞིག་ཏུ་ཕྱིན་ཚར་འདུག།

 

མཚན་ངོགས་སུ།

རི་རབ་དང་སྐར་ཚོགས།

གཙང་ཆེན་དང་ལུག་ཁྱུ་གཉིད་ཟིན་ནའང་།

ངའི་ཟུངས་ཁྲག་ལྷོག་ལྷོག་གདུ་བར་བྱེད།

ངའི་རྨི་ལམ་ལྷབ་ལྷུབ་འཕུར་བར་རྩོམ།

ངའི་དྲན་གདུང་ཡོམ་ཡོམ་འཕྱོ་བར་བྲེལ།

 

མཚན་ངོགས་སུ།

ངས་གཏིང་མཐའ་བྲལ་བའི་མཚན་མོ་འདིའི་ངོ་གདོང་བཙལ།

ཞི་བའི་དྲོད་ལ་བརྒྱུས་པའི་མུན་པ་དེ་བཙལ།

ཟླ་བའི་བྱམས་དུང་གི་སེམས་སྒྲ་ལ་སྒུག།


  • ལེ་ཚན་སྔོན་མ།:བརྩེ་བ་སེམས་ཀྱིས་གླན་པའི་སྨྲེང་སྐྱོ།
  • ལེ་ཚན་རྗེས་མ།:འཚོ་བའི་ངོ་གདོང་ནས་དཀྲོལ་བའི་རོལ་དབྱངས།