བརྩེ་བ་སེམས་ཀྱིས་གླན་པའི་སྨྲེང་སྐྱོ།

སྟག་རིག་འབྲུག་ཐར།        2018-02-05

ཡིད་འོང་འཇོ་སྒེག་གསར་བཞད་ལང་ཚོ་རབ་སྨིན་བདག་སྙིང་ལྷ་མོ་ཀྱེ།།

རྒྱུད་དྲུག་འཇེབས་པོ་སོར་རྩེར་རབ་འཁྲོལ་དབྱངས་ལྡན་ངག་གི་ལྷ་མོ་ཀྱེ།།

བཅུ་ཕྲག་རིག་པའི་འདབ་མ་ཡོངས་རྒྱས་དད་ལྡན་ཤེས་རབ་ལྷ་མོ་ཀྱེ།།

བུ་ངའི་སེམས་པའི་སྡོངས་གྲོགས་མཛོད་ཅིག་ཡིད་ཀྱི་ལྷ་མོ་ཚངས་སྲས་མ།།


ཆ་ཤས་ཀུན་རྫོགས་མཚོ་མོའི་ངོགས་སུ་དལ་གྱིས་རྒྱུ་བའི་དུང་དཀར་ཟླ།།

ཡུན་རིང་མ་འཕྲད་ས་མཐའི་བུ་མོའི་འཛུམ་ལྡན་བཞིན་རས་རྣམ་པར་འཁྲུལ།།

དྲན་པས་རབ་གཟིར་གདུང་བས་མ་ནོན་མཁའ་བགྲོད་སྐྱི་བསེར་རླུང་བུ་ལ།།

ཡུན་གྱིས་སྤྲུལ་ནས་བཞིན་རས་ཟླ་བར་ཆགས་པའི་ཚུལ་གྱིས་ཡང་ཡང་སྒུལ།།


སྨོན་པའི་བརྡ་ལ་བགྲང་ཡས་སྐར་ཚོགས་ཟླ་བའི་འགྲམ་ན་ཀེམ་ཀེམ་གཡོ།།

ཞེན་ཆགས་ཕྲག་དོག་ཐོལ་གྱིས་འཕྱུར་བས་དུང་ཟླ་གོར་མོའི་མཐའ་རུ་བསྐོར།།

ངོ་མཚར་ཅི་འབྱུང་ལྟ་འདོད་སྙམ་པའི་འདབ་ལྡན་པད་མ་དཀར་པོའི་ཚོགས།།

ལང་ལིང་སྐྱོམ་ནས་མཚན་ལྗོངས་ཁྲོད་ན་མཛེས་སྡུག་ལོངས་སྤྱོད་མིག་ལ་བཏུ།།


མ་འཕྲད་ལོ་ཟླའི་ཧྲག་བར་ཁྲོད་ནས་དུས་ཀྱི་ཕྲེང་བ་སོར་རྩེར་བགྲངས།།

མ་ཤོད་ཡིད་ཀྱི་སྙིང་གཏམ་འོ་མ་མགྲིན་པའི་ཕུ་རུ་ལྷོག་ལྷོག་འཕྱུར།།

མ་ནོན་དྲན་པའི་གདུང་བ་ལྕི་མོ་རི་རྒྱལ་ལྷུན་པོའི་དོ་ཟླར་འཕྱ།།

མ་སྦས་སྨྱུ་གུའི་འཁོར་འགྲོས་ལྷན་དུ་རབ་དཀར་ཤོག་ངོས་སིར་སིར་གཏོར།།


སྣ་ཚོགས་མེ་ཏོག་སྲིད་པའི་ཁམས་ཀྱི་སྐྱེད་ཚལ་གླིང་གར་རབ་བཞད་ལྟར།།

ཡུལ་གྲུ་ཀུན་ཏུ་ཡིད་འཕྲོག་སྒེག་ལྡན་སྨན་ཤར་བགྲང་བའི་ངལ་བསྟེན་ཡང་།།

ཆུ་སྐྱེས་པད་མའི་མཛེས་པ་འཕྲོག་པའི་བརྩེ་བའི་ཞལ་རས་སྒོར་མོ་དང་།།

དགུང་གི་སྐར་མར་སྐྱེངས་པ་སྟེར་བའི་རི་དྭགས་མིག་གི་འདྲེན་བྱེད་ཆ།།


སྐྱུར་སིལ་དམར་པོའི་མདངས་ལ་འཁུ་བའི་ནེམ་ཤའི་མཆུ་སྒྲོས་པད་མོ་ཟུང་།།

བྱ་རྒྱལ་རྒོད་པོའི་གཤོག་ཟུང་མཉེན་མོ་མཐའ་རུ་བརྐྱངས་འདྲའི་སྨིན་མ་གཉིས།།

ཐུར་དུ་དཔྱངས་པའི་ལྕང་ལྕུག་ཚུལ་འཛིན་གནག་སྣུམ་དབུ་སྒྲ་སི་ལི་ལི།།

ཡིད་དབང་རབ་འགུག་ཚིགས་དྲུག་སྨྱུག་མའི་སྐྱེས་ལུས་རང་བྱོན་སྐེད་མེད་མ།།


མཛངས་མའི་ཡོན་ཏན་ལྔ་འཛོམས་ཁྱད་ཆོས་ཡོངས་སུ་གྲུབ་པའི་སྙིང་སྡུག་མའི།།

བརྩེ་བའི་ཞལ་ཁྱིམ་སྐུད་མེད་འཕྲིན་ལས་དར་ཅིག་མཐོང་བའི་གོ་སྐབས་རེག།

ཡུན་རིང་སྐྱོ་བས་རབ་གཟིར་མུན་པ་མཐའ་རུ་བསྐྲད་འདྲའི་བདེ་ཚོར་ཞིག།

སེམས་ཀྱི་མཚོ་མོར་ཐོལ་གྱིས་འཕྱུར་བ་སུ་དང་གང་ལ་བཤམས་ན་སྙམ།།


ཐུགས་ཡིད་ངལ་བའི་ཁུར་ཆེན་ཕོག་འདྲའི་ཟོར་ཡང་ལུས་ལ་རྣམ་རིག་བརྡོལ།།

གུར་ཁང་ཡིད་དུ་སྐུང་ཡུན་རིང་བའི་མ་བཅོས་སྙིང་གཏམ་ཚ་མོ་དག།

ནེམ་ནུར་སྤངས་ཏེ་སྦྲང་ཆར་ཇི་བཞིན་ཤ་གསེང་རུས་པའི་ཁོང་ནས་བྱོ།།

བལ་དཀར་ལས་འཇམ་ཁོ་མོའི་ཚིག་སྟེགས་རྣ་བའི་དཔྱིད་དུ་སྨིན་པའི་ཚེ།།


བདེ་བའི་ཚོར་བ་ལུས་ཀྱི་བ་སྤུའི་ཁུང་བུ་རེ་ནས་སྙིང་དུ་སིམ།།

ཁ་ཚིག་སྙན་མོ་འདེགས་འཇོག་གསལ་བ་ཚངས་པའི་མགུར་ལས་རབ་ཏུ་འཇེབས།།

མིག་ཟུང་བཙུམ་ཚེ་པད་རྩ་ལས་འཇམ་ཤ་གཟུགས་དང་ནི་ལྷ་མོའི་སྐྱེས་གཟུགས་ཉིད།།

དྲན་ཤེས་དམར་པོའི་མེ་ལོང་ངོས་སུ་ད་དུང་མི་གཡོ་གསལ་གྱི་ལེར།།


ལས་ཀྱི་དབང་གིས་འཕྲད་པའི་གོ་སྐབས་ནམ་མཁའི་པད་མའི་རྗེས་འགྲོ་ཡང་།།

མོ་ལ་བཅངས་པའི་བརྩེ་དུང་གསེར་སྐུད་དུམ་སེ་མི་ཆད་གཡར་དམ་བརྟན།།

གཞན་དབང་རྩུབ་མོས་མི་ཚེའི་གཏན་གྲོགས་ཚེ་གཅིག་སེམས་ཀྱི་སྐྱ་ཡ་ལ།།

མཐུན་པའི་གླགས་བཟང་ཐོལ་གྱིས་ཤོར་བ་ཡང་ཡང་བསམ་ན་ཞེ་རེ་སྡུག།


སྡུག་གི་ཁ་བས་རབ་ཏུ་མནན་པས་ཁས་ལེན་རྡོ་རྗེར་གས་ཆག་ཤོར།།

ལས་དང་ལམ་གྱི་བགྲོད་པ་ཐ་དད་ན་ཟུག་ཁོག་ལ་བཙན་གྱིས་མིད།།

འཇིག་རྟེན་མི་ཁ་རུམ་གང་ཁྱེར་ནས་ཚེ་སྨད་བསྐྱལ་བའི་རེ་ཐག་ལྷོད།།

སྐྱབས་གསུམ་བསླུ་མེད་དཀོན་མཆོག་སྤྱན་གྱིས་མ་འོངས་ལམ་སྣེ་སྟོན་མཛོད་ཅིག།



  • ལེ་ཚན་སྔོན་མ།:དུས་ཀྱི་ཚིགས་མལ།
  • ལེ་ཚན་རྗེས་མ།:མཚན་ངོགས་སུ།